ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་དྲན་རྟེན་ཁང་ནི་ཡུས་ཧྲུའུ་ཡི“མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཆེན་པོ་བཅུའི”གྲས་ཤིག་ཡིན་པ་དང་། དྲན་རྟེན་ཁང་དེ་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ལྷོ་སྒོ་ཡི་འབྲི་ཆུའི་ལམ་དུ་ཡོད་ཅིང་། དེ་ནི་རང་རྒྱལ་གྱི་ས་མཐོའི་ཡོམ་འགོག་རྒུད་སྐྱོབ་ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཕྱོགས་ཡོངས་ནས་ཟིན་ཐོར་བཀོད་ཡོད་པའི་འགྲེམ་སྟོན་ཁང་ཐོག་མ་ཡིན། རྗེས་དྲན་ཁང་དེས་ཡི་གེ་དང་པར་རིས། རིག་དངོས། བརྙན་ཕབ་རྒྱུ་ཆ་སོགས་ལ་བརྟེན་ནས། “414”ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་དང་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་གོ་རིམ་རིང་མོའི་ཁྲོད་དུ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་མཁས་མཛངས་ལྡན་པའི་ཐབས་ཇུས། སྤྱི་ཚོགས་ལས་རིགས་སོ་སོས་གཅེས་སེམས་ཆེན་པོ་བཅངས་ནས་རོགས་སྐྲུན་བྱས་པ་དང་སྒེར་སེམས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལེགས་སྐྱེས་ཕུལ་བ། གནོད་ཐེབས་མང་ཚོགས་ཀྱི་འབད་བརྩོན་ལྷོད་མེད་དང་དྲིན་ཚོར་འབད་འཐབ་བཅས་གཟུགས་ཅན་བཞིན་དུ་གསོན་པོར་སྟོན་ཐུབ་ཡོད།
དྲན་རྟེན་ཁང་དེ་གནའ་ཤུལ་དང་འགྲེམ་ཁང་།
དྲིན་ཚོར་ཐང་ཆེན་བཅས་ཁག་གསུམ་ལས་གྲུབ་པ་ཞིག་ཡིན་ཞིང་། ལོ་ངོ་བཅུ་བཞི་ལྷག་གི་རིང་ལ།
དྲན་རྟེན་ཁང་གིས་ཡོམ་འགོག་རྒུད་སྐྱོབ་སྙིང་སྟོབས་ཀྱི་ནང་སྙིང་དང་རིན་ཐང་། དོན་སྙིང་བཅས་སྔོག་འདོན་ཟབ་མོ་བྱས་པ་དང་།
ཡོམ་འགོག་རྒུད་སྐྱོབ་ཀྱི་ཚད་ལྡན་ཡིག་ཆ་དང་དངོས་རྫས། དཔྱད་ཡིག་བཅས་རྒྱ་ཁྱབ་ངང་བསྡུ་གསོག་བྱས་ཏེ།
རིག་དངོས་དེ་དག་ལ་ལོ་རྒྱུས་ཀྱི་དྲན་པ་བསྩལ་ཏེ་གསོན་ཉམས་ཅན་དུ་བསྒྱུར་ཡོད།
དྲན་རྟེན་ཁང་འདིས་བསྡོམས་རྩིས་བྱས་ན་མིག་སྔའི་བར་དུ་ས་ཡོམ་གྱི་ཚད་ལྡན་ཡིག་ཆ་དང་དངོས་རྫས། དཔྱད་ཡིག་བཅས680ལྷག་དང་པར་རིས6000ལྷག དུས་ཚོད་ཀྱི་སྔ་ཕྱི་མི་འདྲ་བའི་བརྙན་པར་དཔྱད་ཡིག100ལྷག་བཅས་བསྡུ་ལེན་བྱས་ཡོད་ཅིང་། དྲན་རྟེན་ཁང་ནང་གི་རྩ་ཆེ་བའི་པར་རིས་རེ་རེ་དང་རྩ་ཆེ་བའི་རིག་དངོས་རེ་རེ། བདེན་པ་བདེན་ཐུབ་ཀྱི་དངོས་ཡོད་གནས་ཚུལ་རེ་རེ་བཅས་ཀྱིས། ཡོམ་འགོག་རྒུད་སྐྱོབ་དང་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་དུས་སྐབས་ཀྱི། ཏང་དང་རྒྱལ་ཁབ་དང་རིགས་སོ་སོའི་མི་དམངས་ཀྱི“བརྩེ་བ་ཆེན་པོ་དང་བློ་བརྟན་འགྱུར་མེད། འགྲན་སློང་ཅི་རིགས་གདོང་གིས་བསུ་ཕོད་པ།དྲིན་ཚོར་ཡར་བརྩོན”བཅས་ཀྱི་སྙིང་སྟོབས་གཅིག་སྡུད་སྒོས་མཚོན་ཐུབ་ཡོད།
དེང་སྐབས་དྲན་རྟེན་ཁང་འདི་ཉིད་ཡུས་ཧྲུའུ་བསྐྱར་སྐྲུན་དང་དར་རྒྱས་བྱུང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པར་མ་ཟད། རྒྱལ་ཡོངས་མི་རིགས་སོ་སོའི་མང་ཚོགས་ཡོངས་ཀྱིས་རང་བྱུང་གནོད་འཚེ་ཡི་མདུན་དུ། བརྩེ་སེམས་ཆེན་པོ་བཅངས་ཏེ་མཐུན་པའི་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་རོགས་རམ་བྱས་མྱོང་བའི་ལོ་རྒྱུས་ཀྱི་རྟེན་མཛོད་ཁང་ཞིག་ཏུ་གྱུར་ཡོད་པར་བརྟེན། དྲན་རྟེན་ཁང་འདི་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གསར་བརྗེ་ཡུལ་སྐོར་དཔེར་འོས་མཛེས་ལྗོངས་ཀྱི་མིང་ཐོའི་ཁྲོད་ཚུད་ཡོད་ལ། རྒྱལ་ཡོངས་ཀྱི་སྐོར་ཁག་དྲུག་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི། རྒྱལ་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སློབ་གསོའི་རྟེན་གཞི་བཅས་སུ་བདམས་ཐོན་བྱུང་བ་ལས་གཞན། ད་ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐུན་མོང་གཟེངས་བསྟོད་བྱ་དགའ་ཡང་ཐོབ།
གསར་འགོད་པ། བན་དེ་སྐྱབས། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།