ང་ཚོ་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཐོན་དུས་ནི་སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་རེད། འཕྲོད་བསྟེན་ཁང་གི་ར་སྐོར་ནང་ཐོན་མ་ཐག་མིག་ལམ་དུ་མངོན་པ་ནི་བྱིས་པ་པང་དུ་བཟུང་བའི་བུད་མེད་དང་འཁར་བར་བརྟེན་པའི་ལོ་ལོན། བྱིས་པ་ལག་མགོར་བཟུང་བའི་ཁྱིམ་བདག ལང་ཚོ་དར་ལ་བབས་པའི་ན་གཞོན་བཅས་ཀྱིས་འཕྲོད་བསྟེན་ཁང་གི་ཁྱམས་ར་ཧྲིལ་བོ་ཁེབས་འདུག ཡིན་རྒྱུ་ནི་སྨན་པ་ཉི་མ་ལྷ་མོ་ཟི་ལིང་ནས་ཕྱིར་འཕྲོད་བསྟེན་ཁང་དུ་ཐོན་འདུག་པ་ཤེས་རྗེས། ཁོ་ཚོས་སྨན་པ་ཁོ་མོར་ནད་སྟོན་ཆེད་བསམ་གཟས་ནས་སྒུག་ཡོད་པ་ཚོར་བྱུང་། ད་ལོ་སྨན་པ་ཉི་མ་ལྷ་མོ་ཟི་ལིང་བོད་སྨན་ཁང་ནས་ཟབ་སྦྱོང་བྱས་ཏེ་བསྡད་ཡོད་ཅིང་། ལན་རེར་མ་གཏོགས་འཕྲོད་བསྟེན་ཁང་དུ་ལོག་ཐུབ་ཀྱིན་མེད་ནའང་། ལོག་ཐེངས་རེར་ས་གནས་ནད་པ་མང་པོ་ཞིག་གིས་ཁོ་མོ་མཐོང་བར་སྐོམ་པ་ཆུ་འདོད་ལྟར་སྒུག་ཡོད་པ་ཤེས་བྱུང་།
ང་ཚོ་སྨན་པ་ཁོ་མོའི་ནད་པ་བལྟ་སར་ཐོན་ཏེ་ཁོ་མོ་ལ་བཅར་འདྲི་ཞིག་བྱེད་བསམ་ནའང་། ནད་པ་མང་དྲགས་པ་དང་ལྷག་པར་དུ་སྐབས་ཐོག་འདིར་བྱིས་པ་མང་པོ་ཞིག་ལ་བྱིས་པའི་ཆམས་ནད་ཞིག་ཕོག་ཡོད་པའི་དབང་གིས། དར་ཅིག་ལ་ང་ཚོའི་བཅར་འདྲི་དང་ལེན་བྱེད་ཐབས་མ་བྱུང་། ང་ཚོས་དེ་གར་སྒུག་ཏེ་ཉིན་གུང་གི་དུས་ཚོད་བཅུ་གཉིས་ལ་ཐོན་མ་ཐག་ཏུ། ཁོ་མོས་ངེད་གསར་འགོད་པ་གཉིས་ཀར་བཤད་རྒྱུར།“ད་ཡིན་ན་འུ་ཚོ་ཕར་ངེད་ཚང་དུ་འགྲོ ཡུལ་ནས་ལྷོད་ལྷོད་བྱས་ཏེ་བཅར་འདྲི་དང་ལེན་བྱས་ཆོག་གི་རེད”ཅེས་བཤད་བྱུང་མོད། ཁོ་མོས་རང་ལུས་ཀྱི་སྨན་པའི་ལྭ་བ་དེ་ཕུད་རྗེས་སྟོད་ལྭ་ཞིག་གྱོན་རྩིས་བྱས་ཏེ་སྒྲོག་གུ་གཅིག་རེ་རྒྱག་རྩིས་བྱེད་སྐབས་སུའང་ནད་པ་མང་པོ་གཅིག་རྗེས་གཅིག་གིས་མཐུད་དེ་ཁོ་མོའི་མིང་ནས་འབོད་བཞིན་ནང་དུ་ལོག་བྱུང་བས་ན། ཁོ་མོས་རང་དབང་མེད་པར་སྒྲོག་གུ་རྒྱག་མཚམས་བཞག་སྟེ་ནད་པའི་ནད་ལ་ལྟ་ངེས་པ་ནི་གོམས་སྲོལ་ཞིག་ཏུ་གྲུབ་འདུག དེ་ལྟར་སྒྲོག་གུ་ཚང་མ་བརྒྱབ་ཚར་བའི་བར་དུའང་དུས་ཚོད་ཕྱེད་ཀ་ལྷག་གྲོན་འགྲོ
སྨན་པ་ཉི་མ་ལྷ་མོ་ལྟ་བུར་མཚོན་ན། ཞོགས་པ་དུས་ཚོད7ཀྱི་སྟེང་མལ་ལས་ལངས་ནས་འཕྲོད་བསྟེན་ཁང་དུ་ཐོན་རྗེས་དགོང་མོའི་དུས་ཚོད7ཀྱི་སྟེང་མ་གཏོགས་ཕྱིར་རང་ཁྱིམ་དུ་ཐོན་མི་ཐུབ་ལ། ཉིན་གཅིག་ལ་ཟ་མ་ཐེངས་གཅིག་མ་གཏོགས་ཟ་མི་ཐུབ་པ་ནི་རྒྱུན་ལྡན་ཞིག་རེད། གཞི་རིམ་འབྲོག་ཁུལ་དུ་ནད་ལྟ་བར་འགྲོ་ཐེངས་མང་པོའི་དབང་གིས། མཐོ་སྒང་གི་ཉི་འོད་ཚ་མོ་དང་རླུང་བུ་རྩུབ་མོ། གྲང་རླུང་རྒོད་པོ་བཅས་ཀྱིས་རྟག་ཏུ་གཙེས་པའི་དབང་གིས། ཁོ་མོའི་ངོ་གདོང་ལ་མཐོ་སྒང་གི་གནམ་གཤིས་ཀྱིས་བསྐྱེད་པའི་དམར་མདངས་མང་པོ་ཕབ་ཡོད་པར་མ་ཟད། མཁུར་མགོའི་དམར་ཐིག་དེ་དག་མངོན་སུམ་ཇེ་དོད་དུ་ཕྱིན་འདུག བུད་མེད་ཅིག་ལ་མཚོན་ན་ཡག་ལ་མི་དགའ་བ་ཞིག་དང་ཡག་དོད་པར་མི་དགའ་བ་ཞིག་ཧ་ལམ་མེད་མི་སྲིད་མོད། གཅིག་ནས་ལས་ཀ་ལྕི་བ་དང་གཉིས་ནས་ས་བབ་མཐོ་ལ་དབྱར་དགུན་སྟོན་དཔྱིད་དུ་གཞི་རིམ་ལ་འགྲོ་ཐེངས་མང་པོའི་དབང་གིས། ཁོ་མོར་མཚོན་ན། སྨན་པ་ཞིག་ཡིན་པའི་འགན་འཁྲི་དང་བསྡུར་ན་མཛེས་ཉམས་དོད་རྒྱུ་ནི་ཕལ་བ་ཕལ་རྐྱང་ཞིག་ཏུ་བརྩིས་འདུག ཆ་སྙོམས་མཚོ་འཕངས་སྨི4200ཡོད་པའི་དགའ་བདེ་རྫོང་མཁར་ལ་མཚོན་ན། རྩྭ་ཐང་ནས་རི་ཁུག་བར་དང་གནས་སྤོར་གཏན་སྡོད་ཁུལ་ནས་འབྲོག་ཁྱིམ་བར་དུ་ཉི་མ་ལྷ་མོའི་རྐང་རྗེས་མ་བཞག་ས་ཧ་ལམ་མེད་པའི་ཚོད་ཡིན། ལྷག་པར་དུ་ཆ་རྐྱེན་ཅི་ཙམ་ཞན་ས་ཡིན་ན་ཁོ་མོ་དེ་ཙམ་གྱིས་མཁོ་གལ་ཧ་ཅང་ཆེ། ཁོ་མོ་སྨན་པ་བྱས་ཏེ་ལོ་ངོ27འཁོར་བའི་རིང་ལ། ཐོག་མའི་དུས་ཀྱི་རྟ་ཞོན་ནས་སྨན་བཅོས་བྱས་པ་ནས་བར་གྱི་འཕྲུལ་རྟ་ཞོན་ནས་སྨན་བཅོས་བྱས་པའི་བར་དང་། དེ་ནས་དེང་གི་རླངས་འཁོར་བཏང་ནས་སྨན་བཅོས་བྱེད་པའི་བར་གང་ཡིན་ནའང་། སྡུག་བསྔལ་གྱི་འོབས་སུ་ལྷུང་བའི་ཉམ་ཐག་ནད་པ་མང་པོ་ནད་ལས་ཐར་བར་བྱེད་རྒྱུ་ནི་རང་འཁྲིའི་འོས་འགན་གཙོ་བོར་བརྩིས་ཡོད། དགུན་དུས་བགྲོད་ལམ་ཁ་བས་གཡོགས་ཏེ་བགྲོད་དཀའ་ནའང་རུང་། དབྱར་དུས་ལམ་ངོས་འདམ་ཆར་ཀྱིས་བརྫིས་ཡོད་ནའང་རུང་། ལམ་བར་ནས་སྤྱང་ཀི་སོགས་རང་བྱུང་གི་འཇིགས་པ་དང་འཕྲད་ནའང་རུང་། སྨག་རུམ་ཧ་ཅང་སྟུག་པའི་མཚན་མོ་ཡིན་ནའང་རུང་། ནད་པའི་དགོས་མཁོ་སྐོང་ཆེད་ཁོ་མོས་ཕྱི་བཤོལ་ཐེངས་གཅིག་ཀྱང་བྱས་མྱོང་མེད་ཅེས་བཤད་ཆོག
བྱིས་ནད་ཚན་ཁག་གི་སྨན་པ་ཞིག་ཡིན་པའི་ཁོ་མོས་ང་ལ་བཤད་རྒྱུར།“སྔོན་ཆད་ཨ་མའི་མཛོང་ཁུག་ནང་བསྙལ་བའི་ཕྲུ་གུ་མང་པོ་ཞིག་གི་བདེ་ཐང་དང་ཚེ་སྲོག་ལ་འགན་ལེན་བྱས་ཏེ། མཛོང་ཁུག་ནང་གི་ཕྲུ་གུ་དམར་འབྱར་དེ་དག་རིམ་གྱིས་ནར་སོན་ནས་ད་ཆ་ཕོ་གཞོན་མོ་གསར་དུ་གྱུར་བ་མིག་ལ་རྒྱུ་ཐེངས་རེ་རེར། ངའི་སེམས་ཀྱི་ག་ཤེད་ཅིག་ནས་བཤད་མི་ཤེས་པའི་བདེ་སྐྱིད་དང་སྤོབས་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་གིན་འདུག”ཟེར། བལྟས་ན་ཡང་སྐོར་བསྐྱར་སྐོར་ཡིན་པའི་ཁོ་མོ་ཡི་རྒྱུན་གཏན་གྱི་བྱ་བ་ཙག་ཙིག་དེ་དག་གིས་ཉིན་རེར་ཁོ་ཆུ་རྩྭ་ཐང་སྟེང་གི་མི་རྣམས་ལ་བདེ་སྣང་ཁྱད་པར་བ་སྟེར་བཞིན་ཡོད།ཁོ་མོས་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། “ཉིན་ཞིག་འཕྲོད་བསྟེན་ཁང་དུ་ཨ་མ་ཞིག་གིས་རང་གི་པང་དུ་བཟུང་བའི་བྱིས་པར་བཤད་རྒྱུར། ཨ་མའི་གཅེས་ཕྲུག ངོ་གདོང་འུ་གཉིས་སར་ཕྱོགས་ཏེ་ཞལ་འཛུམ་གནང་མཁན་གན་ནི་ལྷའི་ཕོ་ཉ་རེད། སྐབས་ཐོག་འདིར་གཅེས་ཕྲུག་ཁྱོད་ཀྱི་འབྱུང་གཞི་མ་བདེ་བའི་དབང་གིས་ཁྱོད་ལ་སྐྲག་སྣང་འཁོར་གྱིན་ཡོད་ཅིང་། ཨ་མའང་དེ་བསྟུན་བྲེལ་འཚུབ་ལངས་བཞིན་ཡོད་མོད། ད་ལྟ་ཨ་མ་ང་ལ་མཚོན་ན་ཁྱོད་ལ་རོགས་རམ་བྱེད་པའི་ཐབས་ཤེས་ཤིག་ཁྱོན་ནས་མི་འདུག ཅུང་ཙམ་གྱི་རྗེས་ནས་ལྷའི་ཕོ་ཉ་གན་གྱིས་ཁྱོད་ལ་ཐེངས་གཅིག་བལྟས་པ་ཡིན་ན་ཁྱོད་ཀྱི་མི་བདེ་བ་དང་མི་སྐྱིད་པ་མཐའ་དག་ཤུལ་མེད་དུ་བུད་འགྲོ་ཞེས་ལབ་ཀྱིན་པ་ངས་མཐོང་བྱུང་”ཟེར། ཉིན་དེ་ནས་བཟུང་ཁོ་མོས་རང་གིས་རང་ལ། ནད་པ་རྣམས་ཀྱིས་རང་ལ་བཅོལ་བའི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་རང་གི་ནུས་པའི་ཁྱབ་ཁོངས་ནང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་མི་འགྱུར་དམ་བཅའ་བརྟན་པོ་སྙིང་ལ་བརྐོས་པ་ཡིན་ཟེར། དགའ་བདེ་རྫོང་ནི་མཚོ་བོད་ས་མཐོ་རུ་གནས་པ་དང་ཆ་རྐྱེན་གྱི་ཚད་བཀག་ཐེབས་པ། འབྲོག་དམངས་རེ་འགའི་འཚོ་སྡོད་ཁོར་ཡུག་ཅུང་ཞན་པ་བཅས་ཀྱིས་དབང་གིས། མོ་ནད་བྱུང་ཐེངས་མང་སྟབས། གནད་དོན་དེས་ས་གནས་དེ་གའི་བུད་མེད་ཀྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཉི་མ་ལྷ་མོས་གྲོང་རྡལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་གཏུག་མཐུན་སྦྱོར་གང་ལེགས་བྱས་ཏེ། རྫོང་ཁོངས་ཀྱི་གྲོང་ཚོ་ཁག་ཏུ“སྐྲན་ནད་གཉིས”ཀྱི་དྲིལ་སྒྲོག་བྱེད་སྒོ་རྒྱ་ཆེར་སྤེལ་བར་བརྟེན། འབྲོག་ཁུལ་བུད་མེད་ཀྱི་འཕྲོད་བསྟེན་འདུ་ཤེས་སྔར་ལས་ཇེ་མཐོར་ཕྱིན་པ་དང་། ནད་ཕོག་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་པའི་ཧུར་སེམས་སྔར་ལས་མངོན་སུམ་ཆེ་རུ་ཕྱིན་ནས། བུད་མེད་ཀྱི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་ཐུབ་ཡོད། ཉི་མ་ལྷ་མོ་སྨན་པ་བྱས་པའི་བརྒྱུད་རིམ་ཁྲོད་དུ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ནད་པ་དང་འཕྲད་ཚེ། ཁོ་མོས་སྨན་རིན་མངོན་ཆུང་ངང་བྱིན་པ་ཐེངས་གཅིག་ག་ལ་ཡིན། འབྲོག་ཁུལ་དུ་སྡོད་པའི་རྒན་རྒོན་མང་པོ་ཞིག་ལོ་ན་མཐོ་བ་དང་རྐང་པ་མི་བདེ་བ། ཡུན་རིང་ན་ནས་ཉལ་སར་ལུས་པ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་རྫོང་གྲོང་དུ་ནད་སྟོན་པར་ཡོང་ཐུབ་ཀྱིན་མེད་ནའང་། ཁོ་མོས་ནད་པ་དེ་དག་གི་གནས་ཚུལ་ཤེས་རྗེས། ཁོ་ཚོར་མཁོ་བའི་སྨན་རྫས་དང་འཚོ་བའི་མཁོ་ཆས་འཁྱེར་ནས་ཁོ་ཚོའི་ཁྱིམ་དུ་སོང་སྟེ་ཁོང་ཚོའི་ནད་ཀྱི་སྡུག་བསྔལ་སེལ་བ་དང་ཁོ་ཚོའི་འཚོ་བར་དྲོ་སྐྱིད་མང་པོ་ཞིག་བསྣན་ཡོད།
ཁོ་ཆུ་གྲོང་རྡལ་དུ་སྨན་པ་ཉི་མ་ལྷ་མོ་ཞེས་པའི་མིང་འདི་གླེང་ཐེངས་རེར། མི་མང་པོ་ཞིག་གིས་བསྟོད་པའི་མཐེ་བོང་མི་ཀེར་མཁན་ཧ་ལམ་མེད་ཚོད་ཡིན། ཉི་མ་ལྷ་མོར་མཚོན་ན། རང་ཉིད་སྨན་པའི་ལས་ཀ་འདི་ལ་དགའ་ཞེན་དེ་ཙམ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ནི་ནད་པས་ཁོ་མོར་ཡིད་ཆེས་རི་འདྲ་བ་ཞིག་བཅངས་ཡོད་པའི་དབང་གིས་ཡིན་ཟེར། ཉི་མ་ལྷ་མོས་མི་ལོ27གྱི་རིང་ལ་ཉིན་རེར་འབྲོག་ཁུལ་གྱི་ནད་ཐོག་སྨན་བཅོས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ཤིང་། མོས་རང་ཉིད་ལ་བླང་བྱ་ནན་མོ་བཏོན་ནས་སྤྱིར་བཏང་གི་ལས་གནས་སྟེང་དུ། རང་ཉིད་ཀྱི་གཅེས་སེམས་དང་ངང་རྒྱུད་རིང་མོ། ཞིབ་ཚགས་ཀྱི་ཆ། འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས་ལེགས་སྐྱེས་ཕུལ་མྱོང་བ་དང་རང་དོན་རྒྱབ་སྐྱུར་གྱི་སྒོ་ནས་ལས་ཀ་བྱེད་བཞིན་ཡོད་པའི་དབང་གིས། མང་ཚོགས་ཀྱི་སེམས་ནང་གི་ལས་བྱེད་པ་བཟང་པོ་དང་སྨན་པ་བཟང་པོ་རུ་གྱུར་ཡོད། དཀའ་བའི་རྒྱུ་བཏབ་ན་སྐྱིད་ཀྱི་འབྲས་བུ་སྨིན་པར་ཐེ་ཚོམ་མེད་ཟེར་བའི་དཔེ་ལྟར་དུ། ཉི་མ་ལྷ་མོར་སྔ་ཕྱིར“ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་སྔོན་ཐོན་མི་སྒེར”དང་། “ཞིང་ཆེན་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཛིན་མཁན་གྱི་དཔེ་དམག” “ཞིང་ཆེན་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་མི་སྣའི་མིང་འདོན་བྱ་དགའ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ། 2022ལོའི་ཟླ5པར་ཁོ་མོ་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིར་བདམས། 2023ལོའི་ཟླ2པར་ཁོ་མོར“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་འཛིན་མཁན་གྱི”གཟི་བརྗིད་མཚན་སྙན་ཐོབ། ཁྱད་པར་དུ2024ལོར“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར”གྱི་མཚན་སྙན་ཐོབ།
གསར་འགོད་པ། བན་དེ་སྐྱབས། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།