སྙན་སྒྲོན་པ། ཉན་མཁན་རྣམ་པ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པར་སྐྱེས་སུ་ཕུལ་བའི་བསྟུད་འགོད་ལེ་ཚན་མཚོ་སྔོན་གསར་པའི་གཟི་དཔལ་ཞེས་པའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ལེ་ཚན། ཁ་ཡིག་ལ་བདེ་སྐྱིད་ལྡན་པའི་འབའ་ཐང་བྱང་མའི་སྡོད་ཁུལ་ཞེས་པར་ཉན་རོགས།
སྙན་སྒྲོན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་འབའ་ཐང་བྱང་མའི་སྡོད་ཁུལ་ནི་སྤྱི་ལོ2011ལོར་ཐུན་ཏེ་རྫོང་མི་དམངས་སྲིད་གཞུང་གི་མཛུབ་སྟོན་འོག་བཙུགས་པ་དང་། ཐུན་ཏེ་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ་ཉེར་བཞིའི་མཚམས་སུ་ཆགས་ཡོད། སྡོད་ཁུལ་དེ་ནི་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་སྡེ་བ་བརྒྱད་ཀྱི་ཁྱིམ་ཚང་དཀའ་ངལ་ཅན་བརྒྱ་ཡིས་གྲུབ་པ་ཞིག་ཡིན་ལ། ཁྱིམ་ཚང་དེ་དག་སྔོན་ཆད་རང་རང་གི་སྡེ་བར་ཡོད་དུས། ཟོག་ལུག་གི་གྲངས་ཀ་ཉུང་ཞིང་ཁྱིམ་ཚང་གི་ཆ་རྐྱེན་དེ་ཁྱིམ་ཚང་གཞན་དག་དང་བསྡུར་ན་ལྟོས་བཅས་ཀྱིས་ཞན་པ་རེད། ལྷག་པར་དུ་ནད་པ་སྨན་པར་སྟོན་དཀའ་བ་དང་བྱིས་པ་སློབ་གྲྭར་བསྐྱལ་བར་སྟབས་མི་བདེ་བ་སོགས་དཀའ་ཁག་ཆེན་པོ་ཡོད་པར་དམིགས་ནས། ཐུན་ཏེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་དྲང་བདེན་གྱི་རྩ་དོན་གཞིར་བཟུང་ནས། རྐ་འབའ་སུམ་མདོ་གྲོང་རྡལ་གྱི་སྡེ་བ་བརྒྱད་ནས་འཚོ་བར་དཀའ་ཁག་ཡོད་པའི་ཁྱིམ་ཚང་བརྒྱ་ཐམ་པ་བདམས་ཏེ་གནས་འདིར་བཀོད་སྒྲིག་བྱས་ནས་ཁོ་ཚོའི་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་པ་རེད། དེའི་སྐོར་ནས་འབའ་ཐང་བྱང་མའི་སྡོད་ཁུལ་གྱི་སྔོན་ཆད་ཀྱི་ཀྲུའུ་རིན་དོན་གྲུབ་ཀྱིས་བཤད་རྒྱུར།
ང་ཡིན་ན་ཁོ་ནག་ཞོལ་མའི་ཡིན། འབའ་ཐང་བྱང་མའི་སྡོད་ཁུལ་འདི་མ་བཙུགས་སྔོན་ལ་འདི་ནས་འཛུགས་སྐྲུན་བྱས་ནི་རེད། འཛུགས་སྐྲུན་བྱས་རྗེས་སུ་ཁོ་ནག་ཞོལ་མའི་ཁྱིམ་ཚང་ཉེར་གཉིས་འདིར་ཡོང་ནི་རེད། འདིར་ཡོང་ན་རྒྱལ་ཁབ་ཀྱིས་ཁང་པ་དང་ཕྱུགས་ཁང་ལས་པར་མ་ཟད། ཆུ་དང་གློག་སོགས་ཀྱང་ཧ་ཅང་སྟབས་བདེ་ཡིན་པས་སྔོན་ཆད་དང་བསྡུར་ན་འཚོ་བར་ཧ་ཅང་སྟབས་བདེ་རེད།
སྙན་སྒྲོན་པ། སྔོན་ཆད་སྡོད་ཁུལ་འདིའི་ཁྱིམ་ཚང་རེ་རེར་མཚོན་ན་དབྱར་དགུན་སྟོན་དཔྱིད་མེད་པར་རྩྭ་ཆུ་བསྙེགས་ཏེ་ཕྱུགས་ཟོག་གི་རྗེས་སུ་འབྲངས་ནས་རུ་བ་གནས་སྤོར་བྱེད་བཞིན་ཡོད་པ་དང་། དགུན་དཔྱིད་ཀྱི་སྐྱས་ལམ་རིང་མོ་ནས་ཁོ་ཚོས་དཀའ་སྡུག་གི་རྔུལ་ཆུ་མང་པོ་ཞིག་གདོང་ནས་ཟགས་མྱོང་། སྡོད་ཁང་དང་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་ཅུང་ཆ་ཚང་བའི་སྡོད་ཁུལ་འདིར་གནས་སྤར་བ་དང་བསྟུན་ནས། ཁོ་ཚོར་གཏན་ཆགས་ཀྱི་ཁྱིམ་གཞིས་དྲོན་མོ་ཞིག་ཡོད་པར་གྱུར་བས་འཚོ་བར་སྟབས་བདེ་ཆེན་པོ་བྱུང་ཡོད་པར་མ་ཟད། ཏང་དང་སྲིད་གཞུང་གིས་སྡོད་ཁུལ་འདིའི་རྒན་པ་དང་བྱིས་པ་རྣམས་ལ་ལོ་རེ་བཞིན་འཚོ་བའི་ཁ་གསབ་མི་ཉུང་བ་ཞིག་ཀྱང་སྟེར་བཞིན་ཡོད། ད་ལྟའི་ལོ་གཅིག་གི་འཚོ་བའི་ཁ་གསབ་དེ་ཁོ་ཚོའི་སྔོན་ཆད་ཀྱི་ཁྱིམ་ཚང་གི་ལོ་གཅིག་གི་ཡོང་སྒོ་དང་བསྡུར་ན་ཆེས་ཆེར་བརྒལ་ཡོད་པས། སྡོད་ཁུལ་དེའི་སྡོད་དམངས་རྣམས་ཀྱི་སེམས་སུ་བདེ་སྐྱིད་ཀྱི་སྣང་བས་ཡོངས་སུ་ཁྱབ་འདུག དེའི་སྐོར་ནས་སྡོད་ཁུལ་གྱི་ཏང་ཡོན་རྒན་པ་རིན་ཆེན་འབུམ་གྱིས་བཤད་རྒྱུར།
ང་རང་ཉིད་སྔོན་ཆད་མགར་རྩེ་སྡེ་བའི་ཡིན། སྡོད་ཁུལ་འདིར་ཡོང་རྗེས། བྱིས་པ་རྣམས་ལོ་གཅིག་ནས་བཅོ་བརྒྱད་བར་དུ་ལོ་རེར་བཞིན་འཚོ་བའི་ཁ་གསབ་སྒོར་མོ་སྟོང་དྲུག་དང་ཉིས་བརྒྱ་རེ་ཡོད་པ་དང་། ཁྱིམ་ཚང་གཅིག་ལ་བྱིས་པ་དུ་ཡོད་ན་དེ་ཚང་མར་ཡོད་ནི་རེད། དེ་ལས་གཞན་ལོ་ལོན་ལོ་ང་ལྔའི་ཡན་ཚང་མར་ལོ་རེར་སྒོར་མོ་སྟོང་དྲུག་དང་ཉིས་བརྒྱ་རེ་ཡོད་ནི་རེད། དེ་ཡང་ཁྱིམ་ན་ལོ་ལོན་དུ་ཡོད་ན་དེ་དག་ཚང་མར་ཡོད་ནི་རེད། དེ་ལས་གཞན་དགུན་ཁ་ཐོན་རྗེས་ཁྱིམ་ཚང་རེ་རེར་རྡོ་སོལ་ཉོ་སྤྱད་སྒོར་མོ་སྟོང་གཉིས་རེ་སྟེར་ནི་རེད། ད་ངོ་མ་འགྲིག་ནས་བསྡད་ཡོད་ནི་རེད།
སྙན་སྒྲོན་པ། འབའ་ཐང་བྱང་མའི་སྡོད་ཁུལ་ལ་མཚོན་ན། ཆེས་གླེང་རིན་ཡོད་པ་གཞན་ཞིག་ནི་ཁོ་ཚོའི་སྡོད་ཁུལ་དུ་སྨན་ཁང་དང་སློབ་གྲྭ་ཡང་བཙུགས་ཡོད་པས། སྔོན་ཆད་རྒྱང་ཐག་རིང་བའི་རུ་ཐང་ལུང་གསུམ་ནས་བྱིས་པ་སློབ་གྲྭར་འགྲིམ་དཀའ་བ་དང་། ནད་པ་སྨན་པར་སྟོན་རྒྱུ་སྟབས་མི་བདེ་བའི་ལོ་རྒྱུས་དེ་གཞི་ནས་མཇུག་རྫོགས་ཡོད་པ་དེ་རེད། དེའི་སྐོར་ནས་སྡོད་ཁུལ་གྱི་སྡོད་དམངས་ལྷ་འབུམ་ཚེ་རིང་གིས་བཤད་རྒྱུར།
རང་ཉིད་ཡིན་ཡིན་ན་སྔོན་ཆད་མགར་རྩེ་སྡེ་བའི་ཡིན། ཉིས་སྟོང་ལྔ་ལོར་སྡོད་ཁུལ་འདིར་ཡོང་དུས། སྡོད་ཁུལ་དུ་སློབ་གྲྭ་བཙུགས་ཡོད་པས་བྱིས་པ་སློབ་གྲྭར་བསྐྱལ་བར་སྟབས་བདེ་བཟོས་ཡོད་པར་མ་ཟད། སྨན་ཁང་ཡང་བཙུགས་ཡོད་པས་ལོ་ལོན་དང་བྱིས་པ་སྨན་ཁང་དུ་སྟོན་དགོས་ན་ཧ་ཅང་སྟབས་བདེ་བསྐྲུན་ཡོད་པས་ངོ་མ་བཟང་གི
སྙན་སྒྲོན་པ། སྡོད་ཁུལ་ཞིག་ལ་མཚོན་ན། སྡོད་ཁུལ་དེའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དུ་བཏང་སྟེ་སྡོད་དམངས་རྣམས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བར་བྱེད་རྒྱུ་ནི་དོན་དག་གལ་ཆེན་ཞིག་རེད། དེ་བས་སྡེ་བའི་འགོ་ཁྲིད་དང་ཏང་ཡོན་རྒན་པ་རྣམས་ཀྱི་སྣེ་ཁྲིད་འོག གོང་རིམ་སྲིད་གཞུང་ནས་མ་དངུལ་འབོར་ཆེན་བརྩོན་ལེན་བྱས་ཏེ། ད་ལྟ་རྨིད་གྲུ་བཞི་མ་ཆིག་སྟོང་དགུ་བརྒྱ་ཡོད་པའི་ཐོག་སོ་གཉིས་ཅན་གྱི་མཉམ་ལས་ཁང་ཞིག་ལེགས་འགྲུབ་བྱུང་ཡོད་པ་དང་། རྗེས་ཕྱོགས་སུ་མཉམ་ལས་ཁང་དེ་ནི་འབའ་ཐང་བྱང་མའི་སྡོད་ཁུལ་གྱི་ཐུན་མོང་དཔལ་འབྱོར་གོང་འཕེལ་ཏུ་གཏོང་བའི་རྒྱུ་གཙོ་བོ་ཞིག་ཏུ་འགྱུར་བར་ཚང་མ་ཡིད་ཆེས་ཆེན་པོས་ཁེངས་འདུག དེའི་སྐོར་ནས་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་འབུམ་རྒྱལ་གྱིས་གསར་འགོད་པར་འདི་ལྟར་བཤད།
གོང་རིམ་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ང་ཚོ་འབའ་ཐང་བྱང་མ་སྡོད་ཁུལ་ལ་གོང་རིམ་གྱིས་མ་དངུལ་ས་ཡ་གཉིས་དང་འབུམ་དྲུག་ཁྲི་གསུམ་བྱིན་པ་དང་། སྡོད་ཁུལ་གྱི་ཁྱིམ་ཚང་གཅིག་གིས་སྒོར་མོ་ཁྲི་གཅིག་དང་བཞི་བརྒྱ་རེ་བཏང་ནས་སྡོད་ཁུལ་ལ་རྨིད་གྲུ་བཞི་མ་སྟོང་གཅིག་དང་དགུ་བརྒྱ་ཅན་གྱི་མཉམ་ལས་ཁང་ཞིག་བཙུགས་ཡོད་ནི་རེད། ད་ལོ་ནས་བཟུང་ལོ་གསུམ་གྱི་རིང་ལ་ང་ཚོས་ཁང་པ་ཡོད་ཚད་མཚོ་སྔོན་ལམ་ཟམ་ཀུང་ཟིར་ལོ་གཅིག་ལ་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་བྱས་ནས་གླས་ཡོད། ད་ནི་མི་འགོར་བར་ང་ཚོས་སྒོར་མོ་དེ་དག་སྡོད་ཁུལ་གྱི་ཐུན་མོང་དཔལ་འབྱོར་ཁྲོད་འཇོག་པ་དང་། དེ་མིན་ཁྱིམ་ཚང་རེ་རེར་བགོ་བྱ་རྒྱག་རྒྱུའི་འཆར་གཞི་ཡོད།
སྙན་སྒྲོན་པ། ད་ལྟ་འབའ་ཐང་བྱང་མའི་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་རྣམས་ཀྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་སྡོད་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་སྐྲུན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་འཆམ་མཐུན་དང་གསོན་ཤུགས་ལྡན་པའི་སྡོད་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ལ་མུ་མཐུད་དུ་འབད་བརྩོན་བྱེད་བཞིན་འདུག
སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ལེ་ཚན། ཁ་ཡིག་ལ་བདེ་སྐྱིད་ལྡན་པའི་འབའ་ཐང་བྱང་མའི་སྡོད་ཁུལ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་དགའ་བཀའ་དྲིན་ཆེ།
གསར་འགོད་པ། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།