ཉན་མཁན་རྣམ་པ། ཁྱེད་རྣམ་པ་བདེ་མོ་ཡིན་ན། ཐེངས་འདིའི་མཚོ་སྔོན་གསར་པའི་གཟི་དཔལ་ཞེས་པའི་ཚན་པའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་དང་ཤ་བོ་གསེར་མཚོ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར་ཆོས་རྗེ་རྩྭ་ཐང་ནས་སྒྲོག་པའི་མི་རིགས་མཐུན་སྒྲིལ་གྱི་རོལ་དབྱངས་ཞེས་པ་གཏང་རྒྱུ།
དགུན་ཟླ་བཅུ་བའི་ཞོགས་པའི་འཁྱགས་རླུང་རུས་ལ་ཟུག་ནའང་། ང་ཚོ་གསར་འགོད་པའི་གོམ་ཁ་ལ་ཡེ་ནས་དལ་ལྷོད་མེད་པར་གསར་འགྱུར་གྱི་རིན་ཐང་འཚོལ་སྙེག་བྱེད་པའི་ལམ་ན་ཡོད། མཐོ་ཞིང་བརྗིད་པའི་བ་ཡན་རི་རྒྱུད་རིང་མོའི་འདབས་རོལ་ཏུ་ཁ་ཞེང་ཕྱོགས་སུ་བརྐྱངས་པའི་ཆོས་རྗེ་རྩྭ་ཐང་བརྒལ་དུས། ང་ཚོའི་མིག་ལམ་དུ་མངོན་ཡོང་བ་ནི་གངས་དཀར་གྱི་དམུ་ཐག་རིང་དུ་འཐེན་པའི་ནང་རོལ་ན། དངུལ་གདོག་གིས་འཚེར་བའི་དབུས་གཞོང་ཚྭ་མཚོ་དཀར་མོ་དང་། དེའི་མཐའ་འཁོར་ན་འཆམ་མཐུན་ཞི་བདེ་ཡིས་འཚོ་བའི་རྒྱ་བོད་སོག་གསུམ་གཙོས་སྤུན་ཟླ་མི་རིགས་མང་པོས་གྲུབ་པའི་རུ་སྡེ་དེ་དག་གོ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཡུལ་ཚོ་ལ་མཚོན་ན། ཕྱུགས་ལས་གཙོ་བོར་གཉེར་ཞིང་རྒྱ་བོད་སོག་གསུམ་དང་ཧོས་རིགས་སོགས་མི་རིགས་མང་པོ་གཅིག་ལ་གཅིག་བརྟེན་གྱིས་འཚོ་སྡོད་བྱེད་པའི་ཡུལ་ཚོ་ཞིག་ཡིན་ཞིང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཝུའུ་ལན་རྫོང་དང་འདབས་འབྲེལ་གྱིས་ཆགས་ཡོད། གནས་སྟངས་དེ་དག་ལ་གཞི་ཚུགས་ནས་ལོ་འདི་དག་གི་རིང་ལ་ཆོས་རྗེ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་དང་རྩ་དོན་སྣ་ཚོགས་གཏན་འབེབས་ཡང་དག་བྱས་ཏེ། མཐའ་མཚམས་ས་ཁུལ་གཙོས་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་དར་སྤེལ་བྱེད་པར་ནུས་པ་ཆེན་པོ་བཏོན་དང་འདོན་མུས་སུ་མཆིས། དེའི་སྐོར་ནས་ཆོས་རྗེ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཤེས་རབ་གཡང་དྲུང་གིས་བཤད་རྒྱུར།
ངེད་ཆོས་རྗེ་ཡུལ་ཚོ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་ཅིང་། ཕྱུགས་ལས་གཙོ་བོར་གཉེར་བའི་ཡུལ་ཚོ་ཞིག་ཡིན། འདིའི་མངའ་ཁོངས་སུ་སྡེ་བ་བརྒྱད་དང་སྡོད་ཁུལ་གཅིག ཁྱིམ་ཚང་སྟོང་གཉིས་དང་བདུན་བརྒྱ་ལྷག མི་གྲངས་ཁྲི་ལྷག་ཡོད། ལྷག་པར་དུ་བོད་རིགས་དང་རྒྱ་རིགས། ཧོས་རིགས། ཧོར་རིགས་སོགས་ཀྱི་བར་དུ་གཅིག་ལ་གཅིག་བརྟེན་དང་འགྲོ་འོང་རྒྱུན་སྡོད་ཀྱི་ལམ་སྲོལ་བཟང་བོ་ཆགས་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་གནད་དུ་བཟུང་ནས་ཁྱིམ་དཔོན་ལམ་ལུགས་ཀྱི་སྒྲིག་སྲོལ་ཞིག་བཙུགས་ནས་སྡེ་བ་དང་སྡེ་བ། ཁྱིམ་ཚང་དང་ཁྱིམ་ཚང་བར་གྱི་འབྲེལ་བ་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད། གཞན་བོད་སོག་མཛའ་མཐུན་སྤྲོ་ཚོགས་ཐེངས་བཅུ་དགུར་བསྡུས་པ་དང་། 2023ལོར་གུང་ཧོ་རྫོང་དང་ཝུའུ་ལན་རྫོང་བར་བདེ་འཇགས་མཐའ་མཚམས་སྲུང་སྐྱོང་གྲོས་འཆམ་བཞག་པར་མ་ཟད། འདིའི་ནང་དུ་སྤྱི་དོན་མཉམ་སྦྲེལ། བྱ་བ་མཉམ་སྒྲུབ། བྱ་འགུལ་མཉམ་སྡེབ། གནད་དོན་མཉམ་ཆོད། འགན་ཁུར་མཉམ་འཁུར་ཞེས་པའི་རྩ་དོན་ལྔ་གཞིར་བཟུང་ནས་མི་རིགས་མཐུན་སྒྲིལ་ཇེ་བརྟན་ཇེ་ལེགས་སུ་བཏང་།
གནའ་སྔ་མོ་ཞིག་ནས་བཟུང་སྟེ། འདབས་འབྲེལ་གྱི་རུ་སྡེ་དེ་དག་ནི་ཡུལ་དེའི་གཞི་འཛིན་གྱི་ཐོག་མར་གྲུབ་ཅིང་། སྤྱིར་མིའི་རིགས་ཐོག་མར་འབྲེལ་འདྲིས་བྱེད་པའི་གོ་རིམ་དང་ཆོས་ཉིད་ཇི་བཞིན། དུས་ཡུན་རིང་བོའི་འབྲེལ་འདྲིས་ཁྲོད་ས་གནས་དེའི་བོད་སོག་མི་རིགས་བར་ལའང་རང་ཉིད་ཀྱི་འཚོ་ཚིས་ཀྱི་དབང་གིས་ལེགས་ཉེས་ཀྱི་གཏམ་རྒྱུད་མང་པོ་ཞིག་བྱུང་ཡོད་སྲིད་ཀྱང་། བློ་གཤོགས་ཆེ་ལ་མཐོང་རྒྱ་ཡངས་པའི་མི་སྣ་རེ་གཉིས་ཀྱི་སྣེ་ཁྲིད་འོག་ཏུ། བོད་སོག་མཛའ་མཐུན་གྱི་དབུ་ཁྱུད་ཐོག་མ་དེ་སྤྱི་ལོ་ཉིས་སྟོང་གཉིས་ལོར་ཆོས་རྗེ་རྩྭ་ཐང་ནས་ཐོག་མར་འཇོག་འགོ་བརྩམས། གནས་ཚུལ་དེའི་སྐོར་ནས་ཆོས་རྗེ་ཡུལ་ཚོ་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་གནམ་བྱམས་ཡག་གིས་བཤད་རྒྱུར།
སྔོན་ཆད་རྩྭ་སའི་དབང་གིས་བོད་སོག་བར་གྱི་མཐུན་སྒྲིལ་མི་བཟང་། 2002ལོར་རང་གིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་སྐབས་སོག་པོའི་བར་དུ་མནའ་བཅད། ས་མཚམས་སུ་བརྒྱུགས། རྟ་རྒྱུགས་འགྲན་ཚོགས་བསྡུས་ནས་མི་རིགས་མཐུན་སྒྲིལ་བར་གྱི་འབྲེལ་བ་ཇེ་ལེགས་སུ་བཏང་བ་ཡིན། ད་ལྟ་ང་ཚོ་བོད་སོག་གཉིས་ཀ་ཁྱིམ་ཚང་གཅིག་གི་མི་ལྟར་འཆམ་མཐུན་གྱི་ངང་ན་འཚོ་ཞིང་དཔལ་འབྱོར་ཡང་གོང་ནས་གོང་དུ་འཕེལ་བཞིན་ཡོད།
ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་པོའི་ནང་། མི་རིགས་ཕན་ཚུན་མཐུན་སྒྲིལ་བྱེད་པ་ནི་འཕེལ་རྒྱས་ཀུན་གྱི་རྨང་གཞི་ཡིན། ས་ཁུལ་ཞིག་དང་ཡང་ན་སྡེ་བ་ཞིག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ན་མི་རིགས་མཐུན་སྒྲིལ་གྱི་དཔུང་གདང་དེ་ནི་ཆེས་ཆེ་བའི་སྟོབས་ཤུགས་འབའ་ཞིག་རེད། ད་ལྟ་ཡང་ས་གནས་དེའི་འདབས་འབྲེལ་རུ་སྡེ་དག་གིས་སྔར་སྲོལ་བཟང་བོ་རྒྱུན་འཛིན་བྱས་ཏེ། བོད་སོག་མི་རིགས་བར་གྱི་མཛའ་མཐུན་གྱི་དར་དཀར་རིང་མོ་དེ་མུ་མཐུད་དུ་མཐོ་རུ་འདེགས་ཆེད། མི་རིགས་ཕན་ཚུན་འགྲོ་འོང་བྱེད་པ་དང་། མཛའ་མཐུན་གྱི་གཉེན་ལམ་བཏོད་པ། མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པ་ཡིན་པའི་རྩ་དོན་ལྟར། ཐུན་མོང་མཉམ་ཞུགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། བོད་སོག་མི་རིགས་མཐུན་སྒྲིལ་གྱི་བཞུད་ལམ་རིང་མོ་དེ་མུ་ནས་མུ་རུ་བརྐྱངས། དེའི་སྐོར་ནས་ཆོས་རྗེ་ཡུལ་ཚོ་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡང་ཕྱུག་གིས་བཤད་རྒྱུར།
ང་ཚོ་རྒྱ་སྐོར་སྡེ་བ་ནི་མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ་གཉིས་ཀྱི་བར་མཚམས་སུ་གནས་ཡོད། སྔོན་ཆད་ས་མཚམས་ཆུ་མཚམས་ཀྱི་དབང་གིས་མི་རིགས་གཉིས་དང་སྡེ་བ་གཉིས་བར་གྱི་མཐུན་སྒྲིལ་མི་བཟང་། 2002ལོར་ང་ཚོས་མཛའ་མཐུན་རྡོ་རིང་བཙུགས་པ་དང་། བོད་སོག་གི་མཛའ་མཐུན་རྟ་རྒྱུགས་བྱ་འགུལ་སྤེལ་ནས་འབྲེལ་བ་ཇེ་བཟང་དུ་སོང་། རང་གིས་ཧྲུའུ་ཅིའི་འགན་འཁུར་བའི་སྐབས་འདིར་ཡང་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཐད་འབད་པ་ལྷོད་མེད་བྱས་པས་འབྲེལ་བ་ཇེ་བཟང་དང་འཚོ་བ་ཇེ་སྐྱིད་རེད།
ང་ཚོ་གསར་འགོད་པ་ཆོས་རྗེ་ཡུལ་ཚོ་རྒྱ་སྐོར་སྡེ་བར་ཐོན་དུས། ཏག་ཏག་སོག་ལྭ་གྱོན་པའི་སོག་རིགས་ཕོ་མོ་སྐོར་ཞིག་གིས་ལག་ཏུ་དངོས་པོ་དང་ཁ་བཏགས་སྔོན་པོ་ཐོགས་ཏེ། རྒྱ་སྐོར་སྡེ་བའི་ཧྲུའུ་ཅི་གཡང་ཕྱུག་ཚང་ལ་ཐོན་བྱུང་། དོན་དག་ཅི་ཞིག་གི་ཆེད་དུ་ཡོང་བ་ང་ཚོས་ཧ་གསལ་བོར་མ་གོ་མོད། གང་ལྟར་ཁོ་ཚོས་མཉམ་དུ་བཟའ་བཏུང་ལ་རོལ་ཞོར་སྐད་གསང་མཐོན་པོས་སོག་གླུ་སྙན་མོ་འགའ་ཡང་བླངས་སོང་། ད་དུང་ཁོ་ཚོ་ཕྱིར་འགྲོ་ཁར་མིང་ལ་པཱ་ཐུར་ཟེར་བའི་སོག་རིགས་སྤུན་ཟླ་དེའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་བོད་སྐད་ཀྱི་ལམ་ནས་ང་ཚོར་འདི་ལྟར་བཤད།
2002ལོ་ནས་བཟུང་བོད་སོག་བར་གྱི་མཛའ་མཐུན་རྟ་རྒྱུགས་བྱ་འགུལ་མགོ་བརྩམས་ཤིང་། ད་ལྟ་ཕན་ཚུན་གྱི་ཁྱིམ་དུ་འགྲོ་འོང་བྱས་ཏེ་འཚོ་བ་སྐྱིད་པོ་རོལ་ནས་བསྡད་ཡོད།
ཆོས་རྗེ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཤེས་རབ་གཡང་དྲུང་གིས་གོང་དུ་བཤད་པ་ནང་བཞིན། ཆོས་རྗེ་ཡུལ་ཚོ་ནི་སྡེ་བ་བརྒྱད་དང་སྡོད་ཁུལ་གཅིག་གིས་གྲུབ་ཅིང་། ཆོས་རྗེ་སྡོད་ཁུལ་དུ་མི་གྲངས་བསྡུར་ཚད་ཀྱི་ཆ་ནས་བོད་རིགས་ཀྱི་གྲངས་ཀ་མང་སྲིད་ནའང་། སྡོད་ཁུལ་དེ་རུ་ཁྱིམ་ཚང་སུམ་ཅུས་གྲུབ་པའི་ཧོས་རིགས་སྤུན་ཟླའི་རུ་ཁག་གཅིག་ཀྱང་འདུག སྡོད་ཁུལ་དེའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་མཚོན་ན། ཁོ་ཚོར་ནམ་ཡང་མི་རིགས་ལ་དབྱེ་བ་མེད་པར་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་བཞིན། འཆམ་མཐུན་མཛེས་སྡུག་གི་འཚོ་བ་གསར་བའི་ལམ་དུ་སྐྱོད་བཞིན་འདུག གནས་ཚུལ་དེའི་སྐོར་ནས་ཆོས་རྗེ་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁོན་ཐར་རྒྱལ་གྱིས་བཤད་རྒྱུར།
ང་ཚོ་སྡོད་ཁུལ་ནི་བོད་རིགས་གཙོ་བྱས་པའི་སྡོད་ཁུལ་ཞིག་ཡིན་ལ། ཧོས་རིགས་ཀྱི་རུ་ཆུང་ཞིག་ཡོད་པ་ལ་ཁྱིམ་ཚང་སུམ་ཅུ་ལྷག་དང་མི་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཡོད། ང་ཚོ་སྡོད་ཁུལ་གྱི་ལས་བྱེད་མི་སྣ་ཡོངས་ཀྱིས་དུས་རྒྱུན་ཁོ་ཚོའི་ཁྲོད་ཀྱི་དཀའ་ཁག་ཅན་གྱི་ཁྱིམ་ཚང་དང་མི་སྒེར་སོ་སོར་རྒྱུས་ལོན་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་དང་བསྟུན་ནས་བྱ་བ་གང་མང་བསྒྲུབས་དང་སྒྲུབ་བཞིན་ཡོད།
ང་ཚོ་གསར་འགོད་པ་ཆོས་རྗེ་སྡོད་ཁུལ་དུ་ཐོན་དུས། སྡེ་བའི་སྲང་ལམ་གྱི་ཉིན་ཁ་ཞིག་ཏུ་སྡོད་ཁུལ་དེའི་ཧོས་རིགས་སྤུན་ཟླ་འགའ་དང་འཕྲད་བྱུང་། ང་ཚོས་ཕན་ཚུན་ལ་ཁ་བརྡ་ཐུང་ངུ་ཞིག་བྱས་པའི་གོ་རིམ་ཁྲོད། ཁོ་ཚོའི་གྲས་ཀྱི་ཏཱ་ཝུའུ་ཏི་ཟེར་བའི་ཧོས་རིགས་གསར་བུ་དེས་བོད་སྐད་ཀྱི་ལམ་ནས་ང་ཚོར་འདི་ལྟར་བཤད་བྱུང་།
ང་ཚོ་སྡེ་བའི་ནང་དུ་བོད་རིགས་དང་ཧོས་རིགས་གཉིས་ཀ་ཡོད། ལོ་སར་སོགས་ཀྱི་སྐབས་སུ་ཕན་ཚུན་འགྲོ་འོང་བྱེད་བཞིན་ཡོད་པས་ང་ཚོའི་འབྲེལ་བ་ཤིན་ཏུ་བཟང།
གསར་འགོད་པ། གཡང་འབུམ་རྒྱལ།
ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།