ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོ་དམངས་ཆེན་འཐུས་མིས་ཚན་ཆུང་བགོས་ནས་གྲོས་ཞིབ་བྱེད་པར་ཞུགས།
2025.01.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་མཱེ་ཕིན་དང་། ཝང་ཝེ་ཏུང་།    ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི·རུ་སུའུ་ལིས་ཧན།   པད་ཁོ། ཀྲུའུ་ཞང་ཧྥུན། ཧི་ལུའུ་ཁྲུན་བཅས་ཚན་ཆུང་བགོས་ཏེ་གྲོས་ཞིབ་བྱེད་པར་ཞུགས་ནས། སྲིད་གཞུང་བྱ་བའི་སྙན་ཞུ་སོགས་ཚོགས་ཆེན་གྱི་སྙན་ཞུ་སྣ་ཚོགས་ལ་དམིགས་ནས་འཐུས་མི་ཚོ་དང་མཉམ་དུ་ཚ་ཚ་འུར་འུར་གྱིས་གྲོས་བསྡུར་བྱས།

ཚང་མས་བལྟས་ན། སྙན་ཞུའི་རྩོམ་ཡིག་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་གྱིས་ཁྱབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་འཕེལ་རྒྱས་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་པ་མཚོན་ཡོད་པས། མཚོ་སྔོན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབད་བརྩོན་ཆེན་པོས་དར་རྒྱས་ཡོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། སྙན་ཞུ་དེ་བདེན་འཚོལ་དངོས་སྒྲུབ་དང་རྩོམ་སྟངས་བབ་ཆགས་པ། ཐབས་ལམ་གསལ་བ། དམིགས་འབེན་གསལ་བ། གཙོ་གནད་འབུར་ཐོན་བཅས་ཡིན་པས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་བརྩོན་སེམས་བསྐྱེད་པ། དམངས་སེམས་ཐོབ་པ། ཡིད་ཆེས་བརྟན་པོ་ཡོང་བ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་རེད།

ཚང་མས་འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་མདུན་སྐྱོད་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་གཏིང་ཟབ་ཏུ་བཏང་བ།  དམངས་ཚིས་འགན་སྲུང་བརྟན་པོ་དང་ནུས་ལྡན་བྱུང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་གོམ་སྟབས་སྔར་ལས་བརྟན་པོ་སྤོས་པ་བཅས་ཀྱི་ཐད་ངོས་འཛིན་གཅིག་མཐུན་བྱུང་། གྲུབ་འབྲས་དེ་དག་ཐོབ་པའི་ཆེས་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་འཆར་འགོད་དང་ལྷག་བསམ་རྣམ་དག་གི་སེམས་ཁུར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་ཡོད།

ཚང་མས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོར་རྒྱང་ལྟའི་རང་བཞིན་གྱི་འཆར་འགོད་འབུར་དུ་ཐོན་པ་དང་། གནད་ལ་འཁེལ་ཞིང་དོན་དངོས་དང་མཐུན་པ་བཅས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མཇུག་སྒྲིལ་བ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”གཅིག་གྱུར་འཆར་འགོད་དང་བསམ་གཞིག་བྱས་ནས།  “སྔར་བས་མཐོང་ཆེན་ལྔ”ལ་བརྟེན་ནས་ད་ལོའི་བྱ་བར་ཁྲིད་སྟོན་བྱས་ཏེ། “ཤུགས་རྒྱག་པ་བདུན”གྱི་བཀོད་སྒྲིག་ཞིབ་ཕྲ་བཏོན་པ་དང་།    ཚན་རིག་དང་མཐུན་པའི་མ་ལག་གི་ལས་འགན་དང་གཙོ་གནད་འབུར་ཐོན་ཡིན་པ།    བྱེད་ཐབས་དངོས་གཉེར་བྱེད་པ།  ཐབས་ལམ་གསལ་པོ་བཅས་ཡིན།

ཚང་མས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་བསྟར་བྱེད་པའི་ལོ་ཡིན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བཅས་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་བཏིང་ནས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་འབྲི་དགོས།

ཤ་བོ་རིན་མཚོས་བསྒྱུར།