མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།
(2025ལོའི་ཟླ1ཚེས23ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་།)
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཕུལ་བའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པར་མ་ཟད་གྲོས་ཞིབ་བྱས། གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་ངོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུ་ལས་བཏོན་པའི2025ལོའི་བྱ་བའི་བཀོད་སྒྲིག་ལ་མོས་མཐུན་བྱུང་ནས། སྙན་ཞུ་འདིར་ཆོག་མཆན་འགོད་རྒྱུའི་ཐག་བཅད།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་སྟོབས་ལྡན་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་བཞི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བླང་བྱ་གལ་ཆེན་ལྟར། བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ལས་འགན་གཙོ་བོར་དམིགས་ནས། སྟོབས་ཤུགས་གཅིག་སྡུད་སྒོས་ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གི་ཁྱོན་ཡོངས་ཁྲོད་འདྲེས་ནས་ཞབས་འདེགས་ཞུ་བ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་མཚོ་སྔོན་གྱི་ལག་ལེན་རྒྱ་བསྐྱེད་པ་དང་ཟབ་སྤེལ་བྱེད་པ། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན། བརྟན་ཐོག་ཡར་འཕར་གྱིས་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།
ལྷ་མོ་འཚོས་བསྒྱུར།