འཐུས་མི་དང་ཨུ་ཡོན་གྱིས་སྤུས་ཚད་མཐོ་བ་དང་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན།
2025.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་སྣེ་ཁྲིད་དུ་བྱས་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་བ་དང་། མདོ་ལ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་མྱུར་དུ་འཛུགས་སྐྲུན་བྱས།

དེར་བརྟེན། སྤུས་ཚད་མཐོ་བ་དང་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་དེ་ད་ལོའི་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་གླེང་ཚད་མཐོ་བའི་བརྗོད་གཞི་རུ་གྱུར་ཡོད།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཕུན་ཚོགས་དགེ་ལེགས་ཀྱིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་བྱ་བ་སྤེལ་བའི་ཚུན་དུ། འབྲི་སྟོད་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། རྒྱལ་དོན་གལ་ཆེན་གྱི་མཐོ་ཚད་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཚོད་ལྟའི་ལས་འགན་སྣ་ཚོགས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་ཕྱོགས་ཡོངས་ནས་བརྟན་པོ་བཙུགས་ལ། འབྲི་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཆུ་བོའི་བཞུར་རྒྱུན་མི་ཆད་པར་ཁག་ཐེག་བྱས། ཁོས་གཞི་རིམ་གྱི་སྐྱེ་ཁམས་དོ་སྲུང་གི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་རྨང་གཞིའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། མ་དངུལ་གྲབས་གསོག་བྱེད་པ་དང་ལས་གཞིར་རྒྱབ་སྐྱོར་བྱེད་པ། གཞི་རིམ་གྱི་སྐྱེ་ཁམས་དོ་སྲུང་ས་ཚིགས་ཀྱི་རྨང་གཞི་སྒྲིག་ཆས་ཐད་ཀྱི་མི་འདང་སར་སྔར་ལས་ཁ་གསབ་བྱས་ཏེ། གཞི་རིམ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཐད་ནས་སྔར་ལས་ཕན་ནུས་ལྡན་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དོ་སྲུང་བ་དང་མཉམ་འབྲེལ་བྱས་པའི་དོ་སྲུང་མ་དཔེ་གྲུབ་པར་བྱེད་པ་དང་། མི་མང་གཅིག་སྒྲིལ་དང་མི་གཅིག་ནུས་མང་གི་སྐྱེ་ཁམས་དོ་སྲུང་པའི་དོ་དམ་མ་དཔེ་འཚོལ་ཞིབ་དང་ལག་བསྟར་བྱས་ནས། སྐྱེ་ཁམས་དོ་སྲུང་པའི་དོ་སྲུང་ལེགས་ཞིབ་ཅན་དང་དོ་དམ་ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རིན་ཐང་བརྗེ་སྤོར་བྱེད་པའི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་པའི་ཐད་ནས་ཡུན་རིང་བྱས་རྗེས་འཇོག་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ནན་མོར་བསྒྲུབ་པའི་ཞོར་དུ། ཡུལ་ཚོ་དང་གྲོང་རྡལ་གྱི་གཞིས་ཁུལ་འཛུགས་སྐྲུན་དང་དམངས་ཚིས་ལེགས་བསྒྱུར་དང་ཐོན་ལས་འཕེལ་རྒྱས་ལ་དོ་སྣང་བྱས་ཏེ། སྐྱེ་ཁམས་བཟང་བོ་དེ་མང་ཚོགས་ཀྱིས་འཚོ་བ་ལེགས་བསྒྱུར་དང་ཡོང་འཕར་ཕྱུག་བསྒྱུར་བྱེད་པའི་སྲོག་ཤིང་འཕར་སྣོན་གནས་སུ་འགྱུར་བར་བྱེད་རྒྱུའི་གྲོས་གཞི་བཏོན།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ལིས་ཝུན་ལེན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། གུང་ཧོ་རྫོང་གིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། རང་འགུལ་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ། ལྟ་སྐུལ་དང་སྐྱེ་ཁམས་སྲུང་སྐྱོབ། ཁོར་ཡུག་བཅོས་སྐྱོང་སོགས་དུས་རིམ་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཁྲོད་འདྲེས་པར་བྱས་པ་དང་། སྒྲིག་ཆས་ཐད་ཀྱི་ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ་དང་དོ་དམ་མ་ལག་འཛུགས་པ། ཁོར་ཡུག་ལེགས་བསྒྱུར་མཐོར་འདེགས་བྱེད་པ་སོགས་ཕྱོགས་ནས་རྒྱུན་མཐུད་ངང་ཤུགས་བཏོན་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས། མཚོ་སྔོན་པོའི་སྐྱེ་ཁམས་རྩོལ་ནུས་ཆེས་ཆེ་བར་བསྒྱུར་བར་དམིགས་ནས། ང་ཚོས་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཚོ་སྐོར་ལྷོ་འགྲམ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཚད་དང་ལྡན་པར་ཐག་གཅོད་པར་རྒྱུན་མཐུད་ངང་ཤུགས་སྣོན་པ། ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་དོ་དམ་གྱི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། མཚོ་སྔོན་པོའི་གསེར་ཉ་སོགས་རི་སྐྱེས་རི་དྭགས་ཀྱི་ཐོན་ཁུངས་ལྐོག་འཛིན་དང་ཉོ་ཚོང་བྱེད་པའི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱེད་པ། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྲོད་རྙེད་པའི་གནད་དོན་སྣ་ཚོགས་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་པ། རྒྱུན་རྣམ་སྒོས་གཙང་སེལ་གསུམ་དང་ལེགས་བཅོས་གསུམ་གྱི་འགུལ་སྐྱོད་སྤེལ་ནས། འགོ་ཁུངས་ནས་སྔོན་འགོག་བྱེད་པ་དང་བརྒྱུད་རིམ་ཁྲོད་ཚོད་འཛིན་བྱེད་པ། གྱོང་གུན་ལ་སྐྱིན་ཚབ་འཇལ་བ། འགན་འཁྲི་རྩད་གཅོད་བྱེད་པའི་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྔོན་འགྲོ་རུ་བརྩི་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། སྐྱེ་ཁམས་ལ་བརྟེན་ནས་གནས་སྐོར་རྒྱུ་སྤུས་བཟོ་སྐྲུན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བསྒྱུར་བཅས་གཅིག་གྱུར་ཡོང་བར་བྱེད་རྒྱུའི་གྲོས་གཞི་བཏོན།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཀན་ཡུང་ཆིན་གྱིས། མིག་སྔར། ཕྱི་རོལ་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས། རང་ཞིང་གི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དག་འཕེལ་རྒྱས་སུ་གཏོང་བའི་ཤུགས་འདོན་ཁ་ཕྱོགས་ཐད་ནས་སྲུང་སྐྱོབ་གཙོར་བཟུང་ཡོད་པ་དང་། སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་དང་གཅིག་འདོམས་འཕེལ་རྒྱས་སུ་གཏོང་བར་སྣང་ཆུང་བྱས་ལ། སྐྱེ་ཁམས་ཐོན་ཁུངས་ཀྱི་ཀུན་ཕན་རིན་ཐང་འདོན་སྤེལ་བྱས་ཐུབ་མེད། དེར་བརྟེན། ཁོས་རང་ཞིང་གི་རྒྱལ་ཁབ་བརླན་སའི་སྤྱི་གླིང་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན། འཆར་འགོད་དང་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྤྱི་གླིང་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཁོངས་དང་འོས་འཚམ་བཀོལ་སྤྱོད་ཁུལ་ཁུངས་གཏན་ཁེལ་གསལ་བོ་བྱས་ནས། དེ་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དེང་རབས་ཚན་རིག་གི་བྱེད་ཐབས་བཀོལ་ནས། ལྟ་ཞིབ་ལས་ཆོད་དང་གནད་ཕིགས་ཚད་ཇེ་མཐོར་གཏོང་དགོས། ཆེད་དུ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་བཙུགས་ཏེ། བརླན་ས་ཉམས་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་སོགས་རྣམ་གྲངས་ཐད་བཀོལ་སྤྱོད་བྱེད་དགོས། སྐྱེ་ཁམས་ཁ་གསབ་དང་གཞིས་ཁུལ་ཟབ་ཞུགས་རྐྱེན་སྲོལ་ལེགས་བསྒྱུར་བྱེད་པ་དང་། སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་བཙུགས་ནས། ས་གནས་ཀྱི་མང་ཚོགས་བརླན་ས་སྲུང་སྐྱོབ་ཁྲོད་ཞུགས་པར་སྐུལ་སློང་བྱེད་དགོས། ས་དེའི་མང་ཚོགས་ཀྱིས་བརླན་ས་སྲུང་སྐྱོབ་མཉམ་ལས་ཁང་དང་ཡང་ན་མཐུན་ཚོགས་བཙུགས་ཏེ། བརླན་སའི་ཉིན་རྒྱུན་གྱི་སྐོར་ཞིབ་དང་ཚན་རྩལ་ཁྱབ་གདལ་སློབ་གསོ་སོགས་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་དགོས། བརླན་སའི་མཛའ་མཐུན་རིགས་ཀྱི་ཞིང་ལས་དང་ཕྱུགས་ལས་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱེད་པ་དང་། ས་དེའི་མང་ཚོགས་ཀྱིས་ཐོན་སྐྱེད་རྣམ་པ་བསྒྱུར་བར་སྣེ་ཁྲིད་བྱས་ནས། བརླན་སའི་ཐོན་ཁུངས་ལ་ཐད་ཀར་རྒྱབ་རྟེན་བྱེད་ཚད་ཇེ་ཆུང་དུ་གཏོང་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་ནགས་རྩྭ་ཅུའུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཡུས་ཀྱིས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་མཐོ་གནས་སྐུལ་འདེད་གཏོང་བ་ནམ་ཡང་རྒྱུན་འཁྱོངས་བྱས་ལ། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་། ཁོས་རྒྱལ་ཁབ་སྤྱི་གླིང་གསུམ་སྲོག་ཤིང་དུ་བྱས་པ་དང་། མཐའ་འཁོར་གྱི་རང་བྱུང་སྲུང་སྐྱོབ་ས་ཆ་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པའི་ལྟེ་གསུམ་སྣེ་ཁྲིད་དང་ལྟེ་ཚོགས་གཞི་གཅིག མཉམ་འབྲེལ་འགན་སྲུང་མཉམ་སྐྲུན་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཆ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་འཛུགས་པ་མ་ཟད་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚད་གཞི་མ་ལག་འཛུགས་པ་དང་། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། ཆུ་ཁུངས་བསྐྱིལ་གསོག་ནུས་པ་མཐོར་འདེགས་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་ཉམས་གསོ་བཅོས་སྐྱོང་ལ་ཤུགས་བསྣན་ནས། ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་མངོན་འགྱུར་བྱེད་དགོས། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་པའི་རེ་བར་དམིགས་ནས། རི་གཉིས་ཀྱི་འཕོ་འགྱུར་ལམ་བུ་རྒྱ་སྐྱེད་པ་དང་། དམངས་ཡོངས་ཀུན་ཕན་དང་དམངས་ཚིས་འཕེལ་རྒྱས་དང་དམངས་ཡོངས་མཉམ་སྤྱོད་ལ་རོགས་འདེགས་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་དཔེ་མཚོན་འཛུགས་པ་དང་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་རྩོལ་ནུས་ཆེས་མཐོ་བར་བསྒྱུར་རྒྱུའི་གྲོས་གཞི་བཏོན།

རིན་ཆེན་མཚོས་བསྒྱུར།