ཚན་རྩལ་དང་ཐོན་ལས་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི“གནས་བཞིར”ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་པའི་བཟོ་ལས་ཅན་ཇེ་མགྱོགས་སུ་གཏོང་བ། ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ད་ལོའི་བྱ་བ་ལེགས་པར་བསྒྲུབ་པའི་བྱེ་བྲག་གི་བྱ་བ་གཏན་འཁེལ་གསལ་བོ་བྱས་ཡོད་པ་དང་། ནུས་ཤུགས་ཡོད་རྒུས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་བསྡུས་བྱས་ཏེ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེའང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ཞིག་ཏུ་གྱུར་ཡོད།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བཀྲ་ཤིས་དོན་འགྲུབ་ཀྱིས་བསྟན་དོན། ཧུར་ཐག་གིས་ལྗང་མདོག་ཐཱན་དམའ་བའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་དཔལ་འབྱོར་འཕར་སྣོན་བྱེད་གནས་རྒྱུན་མཐུད་ངང་གསོ་སྐྱོང་བྱ་རྒྱུ་ནི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང “དམངས་ཡོངས་ཀྱི་ལྗང་མདོག་དང་ཐཱན་ཉུང་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ག་ས་གང་ནས་ལྗང་མདོག་ཐཱན་ཉུང་ལ་བརྩི་འཇོག་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལག་ལེན་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་ཆགས་དགོས”ཞེས་ནན་བཤད་བྱས་པ་དེའི་ཐོག་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྗང་མདོག་དང་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་དང་ཆོད་སེམས་བརྟན་པོ་མཚོན་ཡོད། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཡིན་པས། པད་མ་རྫོང་གིས་རྒྱུན་ཆད་མེད་པར་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་དེ་ཞིང་ཕྱུགས་ལས་ཀྱི་ཁྱབ་ཁོངས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུར་དམིགས་པ། ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་ཤུགས་ཆེན་བྱ་རྒྱུ་ཡིན། “འདེབས་འཛུགས་དང་གསོ་སྤེལ། ཡུལ་སྐོར”གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ལྟར། སྐྱེ་ཁམས་དང་ལྗང་མདོག སྐྱེ་ལྡན། རྩེར་སོན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ནོར་གནག་དང་བོད་ལུག་ཁྱུ་ཚོགས་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་རྒྱ་ཆེ་རུ་བཏང་སྟེ། པད་མའི་བོད་ཇ་དང་མོག་རོ་ནག་པོ། ལུག་དྲོད་ཤ་མོ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་བྱ་བ་ཆེན་པོ་བསྒྲུབ་པ་དང་། སྐམ་ཤའི་ཐོན་རྫས་སྣ་ཚོགས་ལེགས་པོར་བཟོས་ནས་ཟོང་རྟགས་ཀྱི་ཐོན་རྫས་གསར་པ་ཕྱིར་འཚོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་པ་དང་ལྗང་མདོག་ཐཱན་ཉུང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིགས་དབྱེ་ནས་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་ནུས་པ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཁྱད་ཆོས་ལྡན་པའི་གཙོ་ཁྲིད་ཐོན་ལས་ལེགས་འདེམས་བྱས་ཏེ་ཐོན་རྫས་ལས་སྣོན་དང་འཁོར་རྒྱུག་གི་རིམ་པའི་ཞན་ཆ་ཁ་གསབ་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ།“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ཟོག”བཅས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལྗང་མདོག་སྒུལ་ཤུགས་གསར་པ་དང་ཁྱད་སྟོབས་གསར་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་སྔོན་ནོ་ཏི་རྒྱུ་ཆ་གསར་པའི་ཚད་ཡོད་ཀུང་ཟིའི་རྒྱུ་ཆ་གསར་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་གསར་སྤེལ་བཟོ་སྐྲུན་པ་ཀྲའོ་ཚུའེ་ཧུང་གིས་བཤད་རྒྱུར། ལྗང་མདོག་དང་ཐཱན་དམའ་བའི་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། ཁེ་ལས་ཀྱིས་ཁོར་ཡུག་གི་འགྲན་སློང་ལ་ཁ་གཏད་འཇལ་ནས་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཁེ་ལས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་ཁོར་ཡུག་གི་དོན་སྙིང་དང་། སྤྱི་ཚོགས་ཀྱི་དོན་སྙིང་། དཔལ་འབྱོར་གྱི་ཕན་འབྲས་བཅས་གལ་ཆེན་ལྡན་པས། ཐོན་རྫས་ལག་རྩལ་གསར་གཏོད་དང་། སྒྲིག་ཆས་ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཇེ་ཆུང་དུ་གཏོང་བ། དངོས་རྫས་རེས་འཁོར་བེད་སྤྱོད། མི་སྣའི་རྩལ་ནུས་མཐོར་འདེགས་གཏོང་བ། ཧུར་ཐག་གིས་རིག་ནུས་བཟོ་སྐྲུན་ལ་མ་དངུལ་གཏོང་བ་སོགས་ཀྱི་བྱ་ཐབས་ཐོག་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དོ་དམ་ཇེ་ལེགས་སུ་གཏོང་བ་དང་ནུས་ཁུངས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་ནས་མགོ་བརྩམས་ཏེ། ཐོན་ལས་དེ་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ལིས་ཅན་མེ་ཡིས་བསྟན་དོན། མཚོ་སྔོན་ལ་ཆུ་དང་འོད་ཕུན་སུམ་ཚོགས་པ། རླུང་ཆེ་བ། ས་ཆ་རྒྱ་ཆེ་བ་བཅས་ཀྱི་ཐོན་ཁུངས་མོད་པས། ནུས་ཁུངས་གཙང་མའི་གཞི་ཁྱོན་འཕེལ་རྒྱས་གཏོང་བར་ལྗང་མདོག་རྩིས་ནུས་ལ་བློས་འགེལ་ཆོག་པའི་གློག་ཤུགས་འདོན་སྤྲོད་བྱེད་ཀྱིན་ཡོད། གནམ་གཤིས་གྲང་མོ་དང་མཁའ་རླུང་དྭངས་གཙང་གིས་གཞི་གྲངས་ལྟེ་གནས་ཀྱི་འགྲོ་གྲོན་གྲོན་ཆུང་དང་ཟད་གྲོན་ཇེ་ཉུང་དུ་གཏོང་བཞིན་ཡོད། རང་ཞིང་གིས་དགེ་མཚན་ལྡན་པའི་སྲིད་ཇུས་མང་པོ་བཏོན་ཏེ་ལྗང་མདོག་རྩིས་ནུས་སྟེགས་བུ་བསྐྲུན་ཡོད་མོད། འོན་ཀྱང་དཀའ་ངལ་དང་འགྲན་སློང་མང་པོ་གནས་ཡོད། ལྗང་མདོག་རྩིས་ནུས་རྟེན་གཞིའི་གཅིག་གྱུར་འཆར་འགོད་ཇེ་ལེགས་སུ་གཏོང་བ་དང་། མི་སྡོད་ཁོར་ཡུག་བལྟོས་བཅས་ཀྱིས་ལེགས་པའི་ཟི་ལིང་དང་མཚོ་ཤར་དུ་ཞིང་ཆེན་རིམ་པའི་ལྗང་མདོག་རྩིས་ནུས་ཐོན་ལས་གསར་གཏོད་དཔེ་སྟོན་ཁུལ་མགྱོགས་མྱུར་སྒོས་བསྐྲུན་ཏེ། ནུས་ཁུངས་གཙང་མ་དང་ས་ཆའི་ཐོན་ཁུངས་བལྟོས་བཅས་ཀྱིས་ཕུན་སུམ་ཚོགས་པའི་མཚོ་ལྷོ་དང་མཚོ་ནུབ་དུ་གསོག་འཇོག་དང་རྩིས་རྒྱག་ཟུང་འབྲེལ་གྱི་གཞི་གྲངས་ལྟེ་གནས་མགྱོགས་མྱུར་སྒོས་བསྐྲུན་པ། གྲོང་ཁྱེར་དང་ཁུལ་སོ་སོས་རྫོང་ཁུལ་གཙོ་བོར་འཛིན་པའི་མཐའ་མཚམས་གཞི་གྲངས་ལྟེ་གནས་བསྐྲུན་ནས་མཐའ་མཚམས་རྩིས་རྒྱག་ནུས་པའི་འདོན་སྤྲོད་མ་ལག་འཛུགས་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་དམ་འཛིན་བྱས་ཏེ། རོགས་སྐྱོར་ལ་བརྟེན་ནས“ཤེས་ལྡན་མི་སྣ་གསོ་སྐྱོང”དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས“ཤེས་ལྡན་མི་སྣ་གཅིག་བསྡུས”བྱེད་པ། བརྩེ་སེམས་ལ་བརྟེན་ནས“ཤེས་ལྡན་མི་སྣ་སྡོད་དུ་འཇུག་པ”བཅས་བྱས་ཏེ། ཤེས་ལྡན་མི་སྣ་མགྱོགས་མྱུར་གསོ་སྐྱོང་དང་། རིག་ཚན་འཛུགས་སྐྲུན། ཚོགས་པ་འཛུགས་སྐྲུན་བཅས་བྱས་ཏེ། ཞིང་ཆེན་ཕྱི་རོལ་གྱི་མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་། སྟོབས་ཤུགས་ཡོད་པའི་ཁེ་ལས་བཅས་ནས་དུས་རིམ་རང་བཞིན་གྱི་ཆེད་ལས་མཁས་པ་གདན་ཞུ་བྱེད་པ་དང་ས་གནས་དེ་གའི་ཤེས་ལྡན་མི་སྣ་སྐུལ་ཁྲིད་བྱེད་དགོས། ཐོད་བརྒལ་གཙོ་གནད་དུ་བཟུང་ནས་ལྗང་མདོག་རྩིས་ནུས་ཀྱི་འགག་རྩའི་གནད་དོན་དམ་འཛིན་བྱས་ནས་གློག་རྩིས་མཉམ་འདྲེས་ལག་རྩལ་གསར་གཏོད། གློག་རྩིས་སྟོབས་ཤུགས་གཉིས་མཉམ་འབྲེལ་གྱི་ཚད་མཐོའི་མ་ལག་འཐུས་ཚང་དུ་གཏོང་བ། ལྗང་མདོག་རྩིས་ནུས་བརྒྱུད་རིམ་ཡོངས་ཀྱི་ཚད་གཞིའི་མ་ལག་འཛུགས་སྐྲུན་འཚོལ་ཞིབ་བཅས་བྱས་ཏེ། ལྗང་མདོག་རྩིས་ནུས་ཚད་འཇལ་དང་ཚོར་ཤེས། བཀོད་གཏོང་། མཉམ་འབྲེལ། ཉོ་ཚོང་སོགས་ཀྱི་ཚད་གཞི་རབ་དང་རིམ་པ་དུས་མཉམ་དུ་འཛུགས་པའི་ཚོད་ལྟ་བྱ་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་འཕེལ་རྒྱས་ཇུས་འགོད་པུའུ་ཡི་ཀྲུའུ་རིན་ཁྲིན་ཡོན་གྱིས་བཤད་རྒྱུར། བྱེ་ཐང་དང་མྱ་ངམ་ཐང་བཅས་གཙོ་གནད་དུ་བྱས་པའི་རླུང་ཤུགས་འོད་ཤུགས་རྟེན་གཞི་ཆེ་གྲས་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་ནི། ནུས་ཁུངས་གཙང་མ་དང་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱི་ནུས་ཁུངས་གསར་པའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དུ་གློག་ཁུངས་རྟེན་གཞི་དང་གློག་ཤུགས་སྐྱེལ་འདྲེན་བགྲོད་ལམ་བཀོད་སྒྲིག་བྱ་རྒྱུ་སྔར་ལས་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་དགོས། རྟེན་གཞིའི་གློག་ཁུངས་འཆར་འགོད་འཛུགས་སྐྲུན་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་། མཚོ་སྔོན་གྱི་རྗེས་མཐུད་ཚ་ཆང་གློག་ཁུངས་འཆར་འགོད་འཛུགས་སྐྲུན་སྔོན་ལ་འཆར་འགོད་བྱེད་པ། མཚོ་སྔོན་གྱི་ཡུལ་ལྗོངས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་ལྗོངས་ཐོན་ཁུངས་ཀྱི་གཞི་ཁྱོན་དང་སྡེབ་སྒྲིག་བསྡུར་ཚད་ལུགས་མཐུན་བཀོད་སྒྲིག་བྱེད་པ། གློག་ཁུངས་སྙོམ་སྒྲིག་དེ་རྒྱལ་ཁབ་ཀྱི་གློག་ཤུགས་འཆར་འགོད་ནང་འཇུག་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་གློག་འདྲེན་ཇུས་གཞིར་ཞིབ་འཇུག་ཚན་རིག་དང་མཐུན་སྦྱོར་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ལས་བརྒལ་བ་དང་ས་ཁུལ་ལས་བརྒལ་བའི་གློག་ཤུགས་རྒྱུན་ལ་གཅིག་གྱུར་སྒོས་ཞིབ་འཇུག་བྱས་ཏེ། མཚོ་སྔོན་གྱི་ཡུལ་ལྗོངས་རྟེན་གཞི་ཆེ་གྲས་ཀྱི་གློག་འདྲེན་སྣེ་གློག་དྲ་བར་ཞིབ་འཇུག་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་འགག་རྩའི་གློག་འདྲེན་བགྲོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ། བསྡུ་སྣེ་དང་བསྡུ་ལེན་བར་སྟོང་ལ་དབྱེ་ཞིབ་གཏིང་ཟབ་བྱེད་དགོས་པ་མ་ཟད་ཁ་གསབ་དང་ཤུགས་སྣོན་བྱེད་ཐབས་འདོན་དགོས། དེ་དང་ཆབས་ཅིག ཆེས་ཆེ་བའི་མཐོ་གནོན་ཐད་རྒྱུག་གློག་གཏོང་བར་ཁྱམས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་། ས་ཁམས་ཆ་རྐྱེན་དང་གནམ་གཤིས། འགྲིམ་འགྲུལ་། ཨར་སྐྲུན། སྐྱེལ་འདྲེན་བདག་སྐྱོང་སོགས་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། ཐད་རྒྱུག་གློག་གཏོང་བརྒྱུད་ལམ་བར་ཁྱམས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། སྐྱེལ་འདྲེན་དང་བསྡུ་ལེན་སྣེ་ཡི་ཞིང་ཆེན་གཉིས་དང་ལམ་རྒྱུད་ཞིང་ཆེན་སོ་སོའི་ས་ཚིགས་གནས་ཡུལ་བར་ཁྱམས་སྔོན་ལ་སྔོན་ཉར་བྱས་ཏེ། ཆེས་ཆེ་བའི་མཐོ་གནོན་བརྒྱུད་ལམ་བཟོ་སྐྲུན་དོན་ཐོག་ཏུ་འགྲོ་བར་ཁག་ཐེག་བྱེད་དགོས།
ཤ་བོ་རིན་མཚོས་བསྒྱུར།