ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་ཚན་ཁག་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་དང་འབྲེལ་ཡོད་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
2025.01.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཟླ1ཚེས20ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་འཐུས་མིས་མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུ་དང་། ལོ་ཧྲིལ་བོའི་འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུ། འབྲེལ་ཡོད་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས།

གྲོས་ཞིབ་བྱེད་སྐབས་འཐུས་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་གཏམ་བཤད། ཚང་མས་རང་གི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུར་དམིགས་ནས་མྱོང་བ་དང་བློ་སྐྱེད། ཚོར་བ་བཅས་གླེང་བ་མ་ཟད། བློ་འདོན་ཇུས་འབུལ་ཧུར་ཐག་བྱས་པས་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་ལེགས།

འཐུས་མི་རྣམས་ཀྱིས་གཅིག་གྱུར་གྱིས་འདོད་དོན། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། 2024ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ལ། 2025ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་དེ་འཕེལ་རྒྱས་ཀྱི་གནས་བབ་དང་འཚམ་པར་བྱས་པ་དང་། མང་ཚོགས་ཀྱི་རེ་ལྟོས་ལ་ཨ་ལན་སྤྲད་ཅིང་། བཅོས་སྒྱུར་གྱི་བྱེད་ཐབས་དང་གསར་གཏོད་ཀྱི་བསམ་ཕྱོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་རླབས་ཆེན་འཆར་གཞི་བཀོད་པ་དེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏན་ཏིག་ཏིག་སྒོས་དངོས་འབེབས་དོན་འཁྱོལ་བྱས་པའི་ཆབ་སྲིད་ཀྱི་ཁག་ཁུར་ཡོངས་སུ་མངོན་པར་བྱས་ལ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐབས་ལམ་གསར་གཏོད་དང་རྣམ་པ་གསར་གཏོད། བྱས་རྗེས་གསར་སྐྲུན་གྱི་སྒོ་འབྱེད་སྙིང་སྟོབས་མངོན་པར་བྱས་ཤིང་། དམངས་འདོད་དང་བསྟུན་པ་དང་དམངས་ཚིས་ཕན་འདོགས། དམངས་སེམས་སྐྱིད་འདོད་ཀྱི་དམངས་དོན་བསམ་པ་མཚོན་པར་བྱས་པས། མི་རྣམས་ལ་སྐུལ་ལྕག་དང་ཡིད་ཆེས་ཆེར་སྐྱེད། བརྩོན་སེམས་ཆེར་སྐྱེད་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་ལ། ལྷག་པར་ཆབ་སྲིད་གླེང་ཞིང་དགོངས་དོན་ཟབ་ལ། དངོས་གཉེར་གྱི་འགན་འཁྲི་ལྕི་བའི་སྙན་ཞུ་བཟང་པོ་ཞིག་ཡིན་པར་འདོད།

འཆར་འགོད་སྙན་ཞུ་དང་སྔོན་རྩིས་སྙན་ཞུར་གྲོས་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། འཐུས་མི་རྣམས་ཀྱིས་ལང་ལོང་སྒོས་བསྟན་དོན། སྙན་ཞུ་གཉིས་ཀྱིས་འདས་པའི་ལོ་གཅིག་རིང་གི་བྱ་བར་སྤྱི་བསྡོམས་བྱས་པ་ཆ་ཚང་ཞིང་། གཞི་གྲངས་ཀྱི་འདེགས་སྐྱོར་ནུས་ལྡན་ཡིན་ལ། ལོ་གསར་པའི་བཀོད་སྒྲིག་དམིགས་འབེན་ཁ་གསལ་དང་དངོས་གཉེར་ལུགས་མཐུན་རེད། 2024ལོར། རྙོག་འཛིང་འགྱུར་ལྡོག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཁྲོད་ཀྱི་དཀའ་ཁག་ཆེ་བའི་ལས་འགན་སྣ་ཚོགས་ལ་ཁ་གཏད་དེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་བསམ་པ་གཅིག་དང་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་རྒྱུས་ལོན་གཏིང་ཟབ་དང་ལག་བསྟར་ཟབ་མོ་བྱས་ལ། སྔར་ལས་བརྟན་པོ་དང་སྔར་ལས་རང་འགུལ་སྒོས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ནས་ནུས་ཤུགས་ཡོད་དགུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་བསྟན།

འཐུས་མི་རྣམས་ཀྱིས་བལྟས་ན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་རྩོམ་པའི་ལོ་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཡིན་པས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། སེམས་ཤུགས་གཅིག་མཐུན་གྱིས་ཡང་བསྐྱར་སྐར་རིམ་གསར་པར་སྙེག་པའི་རྣམ་པ་གསར་པ་གཏོད་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འཕེལ་རིམ་སྔར་ལས་ཆེན་པོ་ལེན་དགོས་པར་འདོད།

རིག་འཛིན་སྒྲོལ་མས་བསྒྱུར།