ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཚན་ཁག་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས།
2025.01.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

ཟླ1ཚེས20ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཁག་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས། ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཞིབ་ཅིང་ཕྲ་བའི་གཞི་གྲངས་དང་ཕུན་སུམ་ཚོགས་པའི་ནང་དོན་གྱིས་2024ལོའི་མཚོ་སྔོན་གྱི་སྐྱེ་ཁམས་དང་དཔལ་འབྱོར། ཐོན་ལས་སོགས་ཐད་ཀྱི་བྱ་བར་ཕྱོགས་ཡོངས་ནས་ཕྱིར་བལྟ་བྱས་ཤིང་། འདས་པའི་ལོ་གཅིག་རིང་མཚོ་སྔོན་གྱིས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་གྲུབ་འབྲས་མངོན་གསལ་བླངས་པ་མངོན་པར་བྱས་ཡོད། དུས་མཉམ་དུ། སྙན་ཞུས2025ལོའི་དམིགས་འབེན་ལས་འགན་དང་ལས་དོན་གཙོ་བོར་བཀོད་སྒྲིག་བྱས་པའི་བསམ་ཕྱོགས་གསལ་ལ། དམིགས་འབེན་གནད་འཁེལ་དང་བྱེད་ཐུབས་ནུས་ལྡན་ཡིན་པས། མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ཐད་རླབས་ཆེན་འཆར་གཞི་བཀོད་ཡོད་ཅིང་། དེས་མི་རྣམས་ཀྱི་བརྩོན་སེམས་ཆེ་རུ་བསྐྱེད་སོང་ཟེར།

གྲོས་སྡུར་ཡུལ་དངོས་སུ། ཨུ་ཡོན་རྣམས་ཀྱིས་རང་གི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་ཧུར་ཐག་གིས་བློ་འདོན་བྱས། ཚང་མ་སྲིད་གཞུང་བྱ་བའི་སྙན་ཞུར་འཐད་པ་བྱུང་བ་དང་། འདས་པའི་ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྣེ་ཁྲིད་ནས་མཐུན་སྒྲིལ་འབད་འཐབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས། ཁྱད་ལྡན་ཐོན་ལས་སོགས་ཁྱབ་ཁོངས་སུ་གོང་འཕེལ་ཆེན་པོ་བླངས་ཡོད། ལོ་གཅིག་གི་ཚུན་དུ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་དང་དཀྱིལ་སྙིང་ལ་དམིགས་ཏེ་འགན་སྒྲུབ་ཁག་ཁུར་བྱས་ནས་རྟོག་ཞིབ་ཟབ་མོ་བྱས་ཤིང་། བློ་གྲོས་ལྡན་པའི་ཐུབས་ཇུས་དང་དངོས་གཉེར་གྱི་ཐབས་ཇུས་བཏོན་ཏེ། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་བྱ་བའི་མཚོ་སྔོན་གྱི་ལག་ལེན་དངོས་མངོན་པར་མཚོན་ཡོད་ཅེས་བསྟན།

མ་འོངས་པར་རྒྱང་ལྟ་བྱེད་སྐབས། ཨུ་ཡོན་རྣམས་ཡིད་ཆེས་ཀྱི་ཁེངས་ཤིང་བློ་སྤོབས་རྒྱས་ཡོད། ཚང་མས་བལྟས་ན། སྙན་ཞུ་མཛུབ་སྟོན་དུ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་ལས་དོན་ལ་དམ་པོར་དམིགས་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱེད་དགོས། གཞི་རིམ་ཏུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་ཕན་ཐོགས་ཆེ་བའི་ཐབས་ཇུས་གང་མང་འདོན་པ་དང་། སྲིད་གྲོས་ཀྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་མཚོ་སྔོན་དར་རྒྱས་གཏོང་བར་ཞབས་འདེགས་ཞུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་མཚོ་སྔོན་གྱི་ལག་ལེན་ཐད་རིགས་སྟོབས་གཅིག་ཏུ་བསྡུ་དགོས་པར་འདོད།

རིག་འཛིན་སྒྲོལ་མས་བསྒྱུར།