ཟླ1ཚེས21ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མིས་ཚན་ཆུང་བགོས་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཚོགས་ར་སོ་སོ་རུ། འཐུས་མི་ཚོས་ལང་ལོང་གིས་གཏམ་བཤད་དེ། རང་གི་ལྟ་ཚུལ་བརྗོད་པ་དང་ཇུས་བཟང་ཕུལ་ཞིང་འཕེལ་རྒྱས་གླེང་། ཡུལ་དངོས་ཀྱི་སྣང་ཚུལ་ཧ་ཅང་བཟང་།
འཐུས་མི་ཚོས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོ་ཚོས་མཐའ་གཅིག་ཏུ། སྙན་ཞུའི་འགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྱབ་པ་དང་། བརྗོད་དོན་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ལ། བྱ་བར་སྤྱི་སྡོམ་ནན་མོ་བྱས་པ་དང་། ལས་འགན་བཀོད་སྒྲིག་གསལ་བོ་བྱས་ལ། ཁྲིམས་སྐྱོང་གི་འདུ་ཤེས་མངོན་པ་དང་མི་དམངས་བསམ་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པར་འདོད། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་བརྟན་འགྱུར་མེད་དང་རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་པ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་ཐད་ཀྱི་རེ་བ་སྣ་ཚོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་ཟབ་མོ་བྱས་ལ། ཁྲིམས་ལྟར་འགན་སྒྲུབ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། གནད་འགག་གལ་ཆེན་གྱི་ལོར་འགན་སྒྲུབ་འགན་བསྟར་གྱི་རྒྱུགས་ལན་ཚད་ལྡན་ཞིག་སྤྲད། སྙན་ཞུའི་ནང་བཏོན་པའི་ལོ་གསར་བའི་ནང་གི་བྱ་བའི་གྲོས་གཞི་དེ་གནས་ཚུལ་དངོས་དང་མཐུན་པ་དང་བསམ་ཕྱོགས་གསལ་ལ། གཙོ་གནད་འབུར་དུ་ཐོན་པ་དང་། དུས་རབས་གསར་བའི་དམངས་ཆེན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན།
མགོ་ཚུགས་ས་གསར་བའི་སྟེང་འགྲེང་བ་དང་འགན་འཁྲི་གསར་བ་ཕྲག་ཏུ་བླངས་ནས། འཐུས་མི་ཚོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དཔུང་སྡེའི་བྱང་ཚད་སྔར་ལས་ཇེ་མཐོར་གཏོང་བ། བརྟན་ཐོག་ཡར་འཕེལ་གྱིས་དམངས་ཆེན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།
རིན་ཆེན་མཚོས་བསྒྱུར།