འཐུས་མི་ཨུ་ཡོན་ཚོས་ཕྱོགས་ཡོངས་ནས་ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་དེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།
2025.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ནང་མཁོ་རྒྱ་བསྐྱེད་པ་ནི་བརྟན་འཇགས་ངང་འཕར་སྣོན་བྱེད་པའི་ཁ་ཚ་དགོས་གཏུག་གི་བྱ་བ་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བའི་ཡུན་རིང་གི་ཐབས་ཇུས་ཀྱང་ཡིན། ནུས་ལྡན་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་སྐྱེད་རྒྱུ་ནི་དཔལ་འབྱོར་གྲུབ་ཚུལ་ལེགས་བསྒྱུར་བྱེད་པའི་སྒུལ་ནུས་གལ་ཆེན་ཡིན་ལ། དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་བརྟན་འཇགས་འཕེལ་རྒྱས་སུ་གཏོང་བའི་ནུས་ལྡན་འདེགས་སྐྱོར་ཡང་ཡིན།

ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་། ནང་མཁོ་ཚོང་རའི་སྣེ་གཅིག་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་ཞིང་དང་སྣེ་གཅིག་སྤྱི་ཚོགས་དམངས་ཚིས་དང་འབྲེལ་ཡོད་ཅེད་བཏོན་ཡོད་པས། ང་ཚོས་ཞན་ཆ་ཁ་གསབ་དང་རྗེས་ཤུགས་འཕར་སྣོན། དམངས་ཚིས་ལ་ཕན་འདོགས་པར་དམིགས་ནས། འཛད་སྤྱོད་རྒྱ་སྐྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་། ནུས་ལྡན་དངུལ་གཏོང་འདེགས་སྐྱོར་གལ་ཆེན་དུ་བརྩི་བ། ཚོང་འགུག་དངུལ་འདྲེན་དེ་གནག་འགག་གི་བྱེད་ཐབས་སུ་བརྩིས་ནས། བྱེད་ཐབས་རབ་དང་རིམ་པ་འདོན་པ་དང་། དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས།

ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏིང་ཀའོ་ཧྲིན་གྱིས་བཤད་རྒྱུར། 2024ལོར། མིན་ཡོན་རྫོང་གིས་ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་པ་དང་། བརྟན་འཇགས་འཕར་སྣོན་དང་ཐོན་ལས་གོང་འཕེལ། དམངས་ཚིས་ལ་ཕན་འདོགས་པར་གཅིག་འདོམས་སྒོས་སྐུལ་འདེད་བཏང་བས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས། 2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་པ་དང་། ད་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་དོན་སྙིང་ཧ་ཅང་གལ་ཆེ་བས། ངེས་པར་དུ་མཁོ་འདོན་དང་དགོས་མཁོའི་འབྲེལ་བར་གཅིག་འདོམས་བཟང་བོ་བྱེད་དགོས་ཟེར། དེར་བརྟེན། ཏིང་ཀའོ་ཧྲིན་གྱིས་གསར་སྒྱུར་གྱི་སྲིད་ཇུས་གཉིས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲིད་ཕྱོགས་སུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ལས་གཞི་དམ་འཛིན་བྱས་ནས་དངུལ་གཏོང་རྒྱ་སྐྱེད་དགོས། ནང་མཁོ་རྒྱ་སྐྱེད་པ་བྱེད་ཐབས་སུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཚོང་འགུག་དམ་འཛིན་བྱས་ནསཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། དམངས་ཚིས་ལ་ཕན་འདོགས་པ་རྐང་འཛུགས་ས་རུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གོ་སྐབས་དམ་འཛིན་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ལས་གཞི་ཇུས་འགོད་དང་ཚོང་འགུག་དངུལ་འདྲེན། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་ཕྱོགས་ནས་ཤུགས་འདོན་པ་དང་། ཕྱོགས་ཡོངས་ནས་ནང་སྐྱེད་སྒུལ་ཤུགས་ཆེར་སྐྱེད་པ། གསར་གཏོད་གསོན་ཤུགས་ཆེར་སྐྱེད་པ། འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་མཆོང་བརྒལ་གསར་བ་མངོན་འགྱུར་བྱེད་དགོས་པའི་གྲོས་གཞི་བཏོན།

ཞིང་ཆེན་དམངས་ཆེན་གྱི་འཐུས་མི། རྒྱལ་ཁབ་སྨན་རྫས་མ་རྐང་ཚོད་འཛིན་མཚོ་སྔོན་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ལིས་ཀྲི་ཕིང་གིས། ནུས་ལྡན་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་སྐྱེད་ན། སྲིད་ཇུས་མཉམ་འབྲེལ་སྒོས་སྤྱད་དེ་འཛད་སྤྱོད་དར་སྤེལ་གཏོང་བ་དང་། འཛད་སྤྱོད་ཆེན་པོའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྡོད་ཁང་དང་ཁྱིམ་སྤྲས་ཁྱིམ་ཆས་སོགས་འཛད་སྤྱོད་ཆེན་པོའི་སྦས་ཤུགས་རྒྱུན་མཐུད་ངང་ཆེར་སྐྱེད་དགོས། ཞབས་ཞུའི་འཛད་སྤྱོད་ཀྱི་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་རང་གཤིས་ཅན་དང་སྣ་མང་ཅན། རྒྱུ་སྤུས་ཅན་དུ་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་སྣོན་གནས་གསར་བ་གསར་སྐྲུན་བྱེད་དགོས། རིག་གནས་ལུས་རྩལ་དང་སྤྲོ་གསེང་གནས་སྐོར་སོགས་ལས་རིགས་ཀྱི་འཕར་སྣོན་གནས་གསར་བ་སྐྱེད་སྲིང་བྱེད་དགོས། གཞི་གྲངས་འཛད་སྤྱོད་བར་སྟོང་དང་མྱོང་ཚོར་ལུགས་དང་བརྗེ་རེས་ལུགས་ཀྱི་འཛད་སྤྱོད་སྣང་ཚུལ་གསར་བ་རྒྱ་སྐྱེད་དེ། དྲ་ཐོག་ཚོང་ཁང་དང་རིག་ནུས་བཟའ་བཏུང་། མི་མེད་སིལ་འཚོང་། རིག་སྟོབས་ཚོང་གཉེར་ཁུལ་སོགས་ལས་རྣམ་གསར་བ་འཕེལ་རྒྱས་སུ་གཏོང་དགོས། གྲོང་གསེབ་ཀྱི་འཛད་སྤྱོད་སྦས་ཤུགས་སྔོག་འདོན་བྱས་ནས། ཚོང་རྟགས་དང་རྒྱུ་སྤུས་འཛད་སྤྱོད་གྲོང་གསེབ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་དགོས། འཛད་སྤྱོད་ནུས་པ་དང་འདོད་བློ་ཇེ་མཐོར་བཏང་སྟེ། འཛད་སྤྱོད་རྒྱ་སྐྱེད་པ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་བོ་གྲུབ་པར་བྱེད་དགོས། ཡོང་སྒོ་འབྲིང་བའི་མི་ཚོགས་སྐྱེད་སྲིང་དང་གོང་འཕེལ་བཏང་ནས། ཐབས་ལམ་མང་པོ་ནས་སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་སྤྱི་ཐུན་ཞབས་ཞུའི་མཁོ་འདོན་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་གི་གཅིག་འདོམས་རིམ་པ་དང་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་བཏང་སྟེ། སྡོད་དམངས་ཀྱི་ཕྱི་ཕྱོགས་གནོད་འཚེའི་དབང་གིས་ཡོང་སྒོ་ཇེ་ཉུང་དུ་སོང་ནས་འཛད་སྤྱོད་ལ་གནོད་སྐྱེལ་བའི་ཚད་ཇེ་ཉུང་དུ་གཏོང་དགོས། ཞབས་ཞུའི་འཛད་སྤྱིད་རང་གཤིས་ཅན་དང་སྣ་མང་ཅན། རྒྱུ་སྤུས་ཅན་དུ་ཚུལ་སྒྱུར་རིམ་སྤོར་བྱེད་པ་བརྒྱུད་དེ། ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་སྣོན་གནས་གསར་བ་གསར་སྐྲུན་བྱེད་དགོས་ཟེར། དེར་བརྟེན། ཁོས་སྲིད་གཞུང་གིས་དངུལ་གཏོང་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་། ལས་གཞི་ཇུས་འགོད་ཀྱི་གནད་ཕིགས་རང་བཞིན་ཇེ་མཐོར་བཏང་ནས། དངུལ་གཏོང་ལས་གཞིས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཆེས་ཆེན་པོ་བསྐྲུན་པར་ཁག་ཐེག་བྱེད་དགོས་པའི་གྲོས་གཞི་བཏོན།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་གི་འགོ་གཙོ་གཞོན་པ་ཀྲའོ་ཅུན་ལེན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ཐད་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་རྒྱབ་སྐྱོར་རྒྱུན་ཆ་ཆད་ཇེ་མཐོར་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་དང་དཔྱད་གཞི་གཙོ་བོའི་འགག་སྒྲོལ་སོགས་ཐད་ཀྱི་དངུལ་གཏོང་བྱེད་ཐབས་ཇེ་ཆེར་བཏང་ལ། མཐོ་སྒང་གི་ཚུལ་སྒྱུར་ལ་དམིགས་ནས་མཐོ་སྒང་གི་གསོ་རིག་འཕེལ་རྒྱས་སུ་བཏང་ན་ཡང་། ད་དུང་གཞི་རིམ་གྱི་ཞིབ་འཇུག་ཉམས་ཞན་ཡིན་པ་དང་གྲུབ་འབྲས་ཚུལ་སྒྱུར་འཕེལ་རྒྱས་ཀྱི་འགྲོས་དལ་བ། མཐོ་སྒང་གི་གསོ་རིག་འཇོན་མི་དཀོན་པ་སོགས་ཀྱི་དཀའ་གནད་ལ་ཐུག་ཡོད། མཐོ་སྒང་གི་གསོ་རིག་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་ཆེད། སྲིད་གཞུང་སྡེ་ཁག་དང་སྨན་བཅོས་ལས་ཁུངས། ཚན་རིག་ཞིབ་འཇུག་སློབ་གླིང་སོགས་ཀྱིས་སྡེ་ཁག་གིས་མཉམ་ལས་མཉམ་འབྲེལ་བྱས་ནས། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ཐད་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལག་རྩལ་ཆུ་ཚད་དང་ལག་ལེན་ཁྱབ་ཁོངས་སུ་རྒྱུན་མ་ཆད་པར་རྒྱ་སྐྱེད་དེ། ཚན་རིག་ཞིབ་འཇུག་གསོ་རིག་དང་ཕྱི་རྒྱལ་གྱི་སྡེ་ཁག་བར་མཉམ་ལས་བྱས་ནས་བརྗེ་རེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། མཐོ་སྒང་གི་སྨན་བཅོས་ཞབས་ཞུའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྫོང་ཁོངས་ཀྱི་མཐོ་སྒང་གི་སྨན་བཅོས་་སྒྲིག་ཆས་སྡེབ་སྒྲིག་འཐུས་ཚང་དུ་གཏོང་བ། མཐོ་སྒང་གི་འབྲེལ་ཡོད་ནད་ཐོག་ལག་རྩལ་གྱི་རྐང་འཛིན་འཇོན་མི་ནང་འདྲེན་དང་སྐྱེད་སྲིང་བྱེད་པར་སྐུལ་མ་བཏང་ནས། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཚན་རིག་ཞིབ་འཇུག་གྱི་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཐོ་སྒང་གི་ཚུལ་སྒྱུར་ཆེད་མཁས་པའི་རུ་ཁག་འཛུགས་པ། ཐོན་ཁུངས་ལེགས་བསྡུས་བྱེད་པ། མནའ་འབྲེལ་འཛུགས་སྐྱོང་བྱེད་པ། ལས་རིགས་ཀྱི་ཚད་གཞི་གཏན་འབེབས་བྱེད་པ། གསོ་རིག་སྨན་རྫས་ཚད་ལྡན་ཅན་དུ་བསྒྱུར་བའི་བྱ་བ་སྤེལ་ཤུགས་ཆེར་བཏང་སྟེ། མཐོ་སྒང་གི་གསོ་རིག་ཞིབ་འཇུག་དང་མཐོ་སྒང་གི་ནད་རིགས་འགོག་བཅོས་ཀྱི་མཐོ་གནས་གསར་སྐྲུན་བྱེད་རྒྱུའི་གྲོས་གཞི་བཏོན།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་དང་ཕྱིར་སྡོད་རང་མིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་མཱ་ཅིན་ཝུན་གྱིས་བཤད་རྒྱུར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གལ་ཆེན་ཡིན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ན། དམངས་གཉེར་ཁེ་ལས་ཀྱི་འཇོན་མི་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཐག་གཅོད་དགོས་པའི་གནད་འགག་ཡིན་པས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་འབྲེལ་ཡོད་ལམ་ལུགས་འཛུགས་པ་དང་། ལུགས་མཐུན་སྒོས་འཇོན་མི་ནང་འདྲེན་གྱི་དམིགས་འབེན་གཏན་ཁེལ་བྱེད་པ། ཆེད་སྤྱོད་གྲོན་དངུལ་གཏོང་བ་དང་གཙོ་གནད་འཕེལ་རྒྱས་ཐོན་ལས་དང་ཚུལ་སྒྱུར་རིམ་སྤོར་ཐད་ཀྱི་དགོས་མཁོ་གཙིགས་སུ་འཛིན་པ། འཇོན་མིའི་ཚན་རྩལ་ཕྱོགས་བསྡུས་གསར་སྤེལ་སྟེགས་བུ་བཙུགས་ཏེ། འཇོན་མི་དང་ལས་གཞི་ཟུང་འབྲེལ་གྱི་མ་དཔེ་ལ་བརྟེན་ནས་གསར་གཏོད་ལས་སྐྲུན་གྱི་འཇོན་མི་ནང་འདྲེན་བྱེད་དགོས། དེ་མཚུངས་ཀྱི་སྲིད་ཇུས་ཕྱིར་བཏོན་ནས། ཁེ་ལས་ལ་འཇོན་མི་ཉར་ཚགས་བྱེད་པ་དང་། དུས་བཀག་ལྟར་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་འཇོན་མིའི་ལས་གཞི་ངོ་གྲོས་ཚོགས་འདུ་བསྡུས་ཏེ། ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ཐད་ལམ་བུ་བཏོད་པ་དང་། སྟེགས་བུ་བཙུགས་ནས་ཁུལ་ཁོངས་བརྒལ་བ་དང་ཆེད་ལས་བརྒལ་བའི་འཇོན་མིའི་མཉམ་ལས་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་དམིགས་ནས། ལས་རྐང་རྩལ་ནུས་གསོ་སྦྱོང་དང་ཁེ་ལས་ཀྱི་རིགས་གསར་བའི་སློབ་མའི་ལམ་ལུགས་ཀྱི་གསོ་སྦྱོང་སྤེལ་བ། རྩལ་ནུས་འཇོན་མིའི་གདེང་འཇོག་བྱ་བ་སྤེལ་ནས། དེ་འཚམ་གྱི་སྲིད་ཇུས་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁེ་ལས་ཀྱི་རང་བདག་སྒོས་མཐོ་རིམ་འཇོན་མི་ནང་འདྲེན་བྱས་པར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྟེར་བ་མ་ཟད། མཐོ་རིམ་འཇོན་མི་ལ་དེ་མཚུངས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པའི་གྲོས་གཞི་བཏོན།

རིན་ཆེན་མཚོས་བསྒྱུར།