རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་རྣམས་ཚེས་གསུམ་ཉིན་པེ་ཅིང་དུ་འབྱོར།
2025.03.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

ཟླ3པའི་ཚེས3ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པ་ཚེས་གསུམ་ཉིན་པེ་ཅིང་དུ་ཐོན་པར་མ་ཟད་ཚོགས་ཆེན་ལ་འབྱོར་ཐོ་བཀོད།

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འཆར་འགོད་བྱེད་པའི་ལོའང་ཡིན་པས། ཚོགས་ཆེན་ཡག་པོར་འཚོགས་རྒྱུ་ཧ་ཅང་གལ་ཆེ། འཐུས་མིའི་ལས་འགན་ལག་བསྟར་ཡག་པོ་བྱེད་ཆེད། པེ་ཅིང་དུ་མ་སོང་བའི་སྔོན་ལ། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་གཞི་རིམ་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་ཉན་ནས། སྤུས་ཚད་མཐོ་བའི་གྲོས་གཞི་འདོན་པར་གྲ་སྒྲིག་གང་ལེགས་བྱས། འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བསྟན་དོན། ཕ་ཡུལ་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བསམ་ཚུལ་གྲོས་ཚོགས་སུ་ཁྱེར་ནས། མཚོ་སྔོན་གྱི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་བློ་འདོན་ཇུས་འབུལ་གང་ལེགས་བྱེད་རྒྱུ་ཡིན་ཟེར།

འཐུས་མི་ཞུའུ་ཆིན་མེན་གྱིས་བཤད་རྒྱུར། མཚོ་སྔོན་འདི་རྒྱལ་ཁབ་ཀྱི་སྐྱེ་ཁམས་འགོག་ར་གཙོ་བོ་ཡིན་པའི་ཆ་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་ཚོགས་འདུར་མ་ཞུགས་སྔོན་ལ། ཁོས་མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་དང་དེར་འཕྲད་པའི་འགྲད་རྩོད་ལ་རྟོག་ཞིབ་གཏིང་ཟབ་བྱས་པ་དང་། ཚོགས་ཆེན་སྟེང་འགན་སྒྲུབ་ནན་མོ་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་བྱེད་པའི་རེ་བ་ཡོད་ཟེར།

འཐུས་མི་པུས་ཧྲིན་ལུང་གིས་རེ་བ་ཆེན་པོས་བཤད་རྒྱུར། གྲོང་གསེབ་དར་སྤེལ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་གོ་རིམ་གལ་ཆེན་ཞིག་ཡིན་པས། ཞིང་ཁྱིམ་དུ་བཅར་ཞིང་འབྲེལ་ཡོད་ཐོན་ལས་ལ་རྟོག་ཞིབ་བྱས་པ་བརྒྱུད་ནས། ངས་ཞིང་སྡེ་འཕེལ་རྒྱས་སྐོར་གྱི་བསམ་འཆར་གྲོས་གཞི་མང་པོ་འཚོལ་བསྡུ་བྱས་ཡོད་པས། ཐེངས་འདིར་ངས་ཚོགས་ཆེན་གཉིས་ཀྱི་སྟེགས་བུ་སྤྱད་དེ། བསམ་འཆར་འདི་དག་བརྒྱུད་སྤྲོད་བྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་རོགས་ཤུགས་འདོན་པར་རང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

དཔྱིད་ཀྱི་དཔལ་ཡོན་ཤར་ནས། རེ་བའི་མྱུ་གུ་འབུས་བྱུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་ལྕི་མོ་ཕྲག་ཏུ་བླངས་ནས། མཚོ་སྔོན་འཐུས་ཚབ་ཚོགས་པས་སྤོབས་པའི་ཉམས་ཀྱིས་བློ་གྲོས་ཀྱི་ཐབས་དང་དངོས་གཉེར་ཀྱི་ཇུས་འདོན་པ་དང་། མཚོ་སྔོན་གྱི་སྣང་བརྙན་མངོན་ནས། མཚོ་སྔོན་གྱི་སེམས་གཏམ་བརྒྱུད་སྤྲོད་བྱེད་པ་དང་། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་བདེ་བླག་ངང་འགྲུབ་པར་བྱེད་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།