ཟླ3པའི་ཚེས5ཉིན། ཙུང་ལི་ལི་ཆང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བ་ལས་གཙོ་གནད་དག་གཤམ་གསལ་ལྟར།
1 2024ལོའི་བྱ་བའི་ཕྱིར་དྲན།
རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང5%འཕར་བ།འབྲུ་རིགས་རྒྱ་མ་དུང་ཕྱུར་ཁྲི1.4ཐོན་སྐྱེད་བྱས་པ།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་ཁྲི1256གསར་དུ་འཕར།ནུས་ཁུངས་གསར་པའི་རླངས་འཁོར་གྱི་ལོ་རེའི་ཐོན་ཚད་ཁྲི་1300ལས་བརྒལ་བ།
2 ད་ལོའི་དམིགས་འབེན་གཙོ་བོ་སྔོན་དཔག
རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང5%ཡས་མས་འཕར་རྒྱུ།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་ཁྲི1200ཡན་འཕར་རྒྱུ།སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་ཡིན་པ།འབྲུ་རིགས་རྒྱ་མ་དུང་ཕྱུར་ཁྲི1.4ཡས་མས་ཐོན་སྐྱེད་བྱ་རྒྱུ།ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་ཁུངས་ཟད་གྲོན3%ཡས་མས་མར་ཆག་རྒྱུ།
3 ད་ལོའི་བྱ་བ་གཙོ་བོ་ཁག
ནོར་སྲིད་ཐད།མཚལ་ཡིག་གི་ཚད4%ཡས་མས་ལྟར་བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་། མཚལ་ཡིག་གི་གཞི་ཁྱོན་ན་ནིང་ལས་སྒོར་དུང་ཕྱུར་ཁྲི1.6འཕར་བར་བྱ་རྒྱུ།སྲིད་གཞུང་གི་དངུལ་གཏོང་ཐད། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི་4.4བཀོད་སྒྲིག་བྱ་རྩིས་ཡོད་ཅིང་། ལོ་གོང་མ་ལས་སྒོར་དུང་ཕྱུར5000འཕར་རྒྱུ་ཡིན་པ་རེད། བསྡོམས་པས་སྲིད་གཞུང་གི་བུ་ལོན་གྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི11.86གསར་དུ་བསྣན་ནས་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི་2.9ཡི་འཕར་བར་བྱ་རྒྱུ།
དམིགས་བསལ་རྒྱལ་བུན་ཐད། ཡུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི1.3འགྲེམས་སྤེལ་བྱ་རྩིས་ཡོད་ཅིང་། དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་3000འཕར་རྒྱུ། དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་5000འགྲེམས་སྤེལ་བྱ་རྩིས་ཡོད་པ།
འཛད་སྤྱོད་ཐད། འཛད་སྤྱོད་སྐུལ་སྤེལ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱ་རྒྱུ། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000བཀོད་སྒྲིག་བྱས་ནས་རྙིབ་ཚབ་གསར་བརྗེ་ཐོན་རྫས་ལ་རྒྱབ་སྐྱོར་བྱ་རྒྱུ།
ཐོན་སྐྱེད་ནུས་ཤུགས་གསར་པའི་ཐད། ཚོང་ལས་མཁའ་འཕུར་དང་མཁའ་འཕུར་དམའ་མོའི་དཔལ་འབྱོར་སོགས་གསར་དར་ཐོན་ལས་བདེ་འཇགས་ངང་འཕེལ་བར་སྐུལ་འདེད་གཏང་རྒྱུ། སྐྱེ་དངོས་བཟོ་སྐྲུན་དང་ཚད་རྡུལ་ཚན་རྩལ། གཟུགས་ལྡན་རིག་ནུས། 6Gསོགས་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བྱ་རྒྱུ། བཟོ་སྐྲུན་ལས་རིགས་གྲངས་གཞི་ཅན་གྱི་རིགས་སྒྱུར་ཇེ་མགྱོགས་སུ་གཏང་རྒྱུ། རིག་ནུས་དྲ་སྦྲེལ་ནུས་ཁུངས་གསར་པའི་རླངས་འཁོར་དང་། མིས་བཟོས་ལག་ཁྱེར་ཁ་པར་དང་གློག་ཀླད། རིག་ནུས་འཕྲུལ་ཆས་མི་སོགས་རབས་གསར་པའི་རིག་ནུས་དང་རིག་ནུས་བཟོ་སྐྲུན་སྒྲིག་ཆས་བཅས་འཕེལ་རྒྱས་སུ་གཏང་རྒྱུ།སློབ་གསོའི་ཐད། མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་བསླབ་གནས་མཁོ་སྤྲོད་ཚད་རྒྱ་ཆེར་བཏང་སྟེ། རིན་མེད་སློབ་སྔོན་སློབ་གསོ་རིམ་བཞིན་ཁྱབ་སྤེལ་གཏང་རྒྱུ།ཁྲོམ་རའི་ཁོར་ཡུག་ཐད། ཁེ་ལས་ཀྱི་དངུལ་ཆད་འགྱངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་སྒྲིག་གཞི་དོན་འཁྱོལ་དང་། ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ།སྒོ་འབྱེད་ཐད། དྲ་སྦྲེལ་དང་རིག་གནས་སོགས་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པས་ཕྱི་ཕྱོགས་སུ་འབྱེད་པར་སྐུལ་འདེད་གཏོང་བ་དང་། གློག་འཕྲིན་དང་། སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟའི་ས་ཚུགས་རྒྱ་ཆེར་གཏང་རྒྱུ།
སྡོད་ཁང་ཐད། ཁང་པའི་ཁྲོམ་ར་ཆག་འགོག་བརྟན་ལྷིང་ཡོང་བར་མུ་མཐུད་དུ་སྐུལ་འདེད་དང་། གྲོང་ཁྱེར་ནང་གི་གྲོང་ཚོ་དང་སྡོད་ཁང་ཐེབས་ཆག་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ། ཉར་ཚགས་ཚོང་ཟོག་ཉོ་སྒྲུབ་བྱེད་པར་སྐུལ་འདེད་དང་། ཁང་པ་སྤྲོད་པའི་འགན་ལེན་བྱ་བ་མུ་མཐུད་དུ་ཡག་པོ་བསྒྲུབ་རྒྱུ།
གྲོང་གསེབ་དར་སྤེལ་ཐད། འདེབས་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ། ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་འོག་འབྲུ་རིགས་ཐོན་སྐྱེད་ཚོང་གཉེར་ཁུལ་དང་ཞིང་ཆེན་བར་ལ་ཁེ་ཕན་ཁ་གསབ་བྱས་ཏེ་འབྲུ་རིགས་ཐོན་ཚད་མང་པའི་རྫོང་ཆེན་གྱི་རྒྱབ་སྐྱོར་ཆེ་རུ་གཏོང་བ་དང་། ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་རྒྱུ།
མཁར་གྲོང་ཅན་དུ་བསྒྱུར་པའི་ཐད། ཆ་རྐྱེན་དང་མཐུན་པའི་ཞིང་ལས་སྤོ་སྒྱུར་མི་འབོར་སྡོད་ཁང་འགན་སྲུང་མ་ལག་ནང་འཇུག་པར་སྐུལ་འདེད་དང་། གྲོང་ཁྱེར་གསར་སྒྱུར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་རྙིང་པ་བསྒྱུར་བཀོད་ལ་མུ་མཐུད་སྐུལ་འདེད་གཏང་རྒྱུ།
སྐྱེ་ཁམས་ཐད། ལྗང་མདོག་འཛད་སྤྱོད་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལྗང་མདོག་དང་ཐཱན་ཉུང་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏང་རྒྱུ།
ལས་ཞུགས་ཐད། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་ལས་གཏོད་ཀྱི་ལམ་བུ་རྒྱ་བསྐྱེད་རྒྱུ། སྟབས་བསྟུན་ལས་ཞུགས་དང་རྣམ་པ་གསར་པའི་ལས་ཞུགས་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེར་བསྐྱེད། རྩལ་ནུས་ཤེས་ལྡན་མི་སྣའི་གསོལ་ཐང་གི་ཆུ་ཚད་མཐོ་རུ་གཏང་རྒྱུ།
སྨན་བཅོས་འཕྲོད་བསྟེན་ཐད། སྨན་རྫས་གཅིག་སྡུད་བསྡུ་ལེན་སྲིད་ཇུས་ལེགས་སུ་བཏང་ནས་སྤུས་ཚད་དཔྱད་དཔོག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་བ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་དེ་སོ་སོར་སྒོར30དང་སྒོར5་ཇེ་མཐོར་གཏང་རྒྱུ།
སྤྱི་ཚོགས་འགན་སྲུང་ཐད། གྲོང་ཁྱེར་དང་ཡུལ་ཚོའི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་དེ་སྒོར20ཡི་ཇེ་མཐོར་གཏོང་རྒྱུ། བུ་བཙའི་ཐད་སྐུལ་འདེད་གཏོང་བའི་སྲིད་ཇུས་སྒྲིག་བཟོ་དང་ཕྲུ་གུའི་ཁ་གསབ་དངུལ་སྤྲད་རྒྱུ་བཅས་སོ།།