ཏིང་ཞུའེ་ཞང་ལིའོ་ཉིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2025.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚེས5ཉིན་གྱི་ཕྱི་དྲོར་ཁོ་ཡོད་སའི་ལིའོ་ཉིང་འཐུས་ཚབ་ཚོགས་པར་སོང་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།

འཐུས་མི་ཚོའི་གཏམ་བཤད་ལ་ཉན་རྗེས། ཏིང་ཞུའེ་ཞང་གིས་ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཧ་ཅང་འཐད་པ་ཡིན་ཟེར། ཁོས་བསྟན་དོན། འདས་པའི་ལོ་གཅིག་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱི་འཕེལ་རྒྱས་དེ་ཧ་ཅང་སྤྱིར་བཏང་མིན་པའི་བརྒྱུད་རིམ་ཞིག་བརྒྱུད་མྱོང་བ་དང་གྲུབ་འབྲས་གལ་ཆེན་བླངས་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་ནས་གོམ་སྟབས་བརྟན་པོ་སྤོས་ཡོད། རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་འོག་མི་སེམས་འགུལ་བའི་གྲུབ་འབྲས་བླངས་པ་དང་། དེའི་རྩ་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་ལ་རག་ལས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་གི་ཁྲིད་སྟོན་ལ་ཡང་རག་ལས་པས། ང་ཚོས་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་སྤྱིར་བཏང་མིན་པའི་བརྒྱུད་རིམ་ཁྲོད་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ནམ་ཡང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་དགོས།

ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ད་ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་ན། ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་བཀོལ་སྤྱོད་བཟང་བོ་བྱེད་དགོས། ནང་མཁོ་རྒྱ་སྐྱེད་པ་དང་ལྷག་པར་དུ་འཛད་སྤྱོད་དགོས་མཁོ་རྒྱ་སྐྱེད་དེ། ནང་མཁོ་དེ་དཔལ་འབྱོར་འཕར་སྣོན་ལ་སྣེ་ཁྲིད་བྱེད་པའི་རང་འགུལ་ནུས་ཤུགས་དང་བརྟན་འཇགས་བརྡབ་ཕུར་ལྟ་བུར་འགྱུར་བར་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་གནད་འགག་འདིར་དམ་འཛིན་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ནུས་ལྡན་སྡེབ་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཉིས་གཅིག་གྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཏིང་ཞུའེ་ཞང་གིས་ལིའོ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཕྱོགས་ཡོངས་དར་སྤེལ་མྱུར་དུ་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཅངས་ཡོད།

རིན་ཆེན་མཚོས་བསྒྱུར།