ཟླ3པའི་ཚེས6ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་བཅར་འདྲི་དང་ལེན་ཚོགས་འདུ་བསྡུས་པ་དང་། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་སོགས་འཐུས་མི་རྣམས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་བྱད་ཀྱི་དྲི་བར་ལན་བཏབ།
མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོའི་གསར་འགྱུར་ཁང་། ཀྲུང་གོའི་གཞོན་ནུའི་ཉིན་རེའི་ཚགས་པར། མི་དམངས་ཁྲིམས་ཁང་གསར་འགྱུར་སྨྱན་བྱད་སྤྱི་ཁྱབ་ཁང་། ཞིབ་དཔྱོད་ཉིན་རེའི་ཚགས་པར། ཀྲུང་གོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དུས་དེབ། ཀྲུང་གོའི་དཔལ་འབྱོར་ཚོང་དོན་སྣེ་ཁྲིད་དུས་དེབ། མི་དམངས་དྲ་བ། ཀྲུང་གོའི་དཔལ་འབྱོར་དྲ་བ། ཞང་ཀང་ཏ་ཀུང་ཝུན་ཧུའེ་སྨྱན་བྱད་ཚོགས་པ། ཞང་ཀང་དཔལ་འབྱོར་སྣེ་ཁྲིད་ཚགས་པར། འཇར་པན་ཐུན་མོང་གསར་འགྱུར་ཁང་། ཨ་རིའི་རྒྱལ་ཡོངས་སྤྱི་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་བྱད20དང་གསར་འགོད་པ50སྒོ་འབྱེད་ཚོགས་པའི་ཚོགས་འདུར་ཞུགས་ཡོད། ན་ནིང་ཟླ10པར། མཚོ་སྔོན་གྱི“ཚེ་སྲོག་གི་བྱ་ཚང”མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དཔེ་མཚོན་དུ་བདམས་པ་དང་། མཚོ་སྔོན་གྱིས་ནུས་ཁུངས་དང་གློག་ཤུགས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་འཚོལ་ཞིབ་ཧུར་ཐག་དང་ཕན་ནུས་ལྡན་པའི་གྲུབ་འབྲས་མངོན་པ་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་འཐུས་མི་ཝུའུ་ཞའོ་ཅུན་ལ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་འགྱུར་ལྡོག་གང་དག་བྱུང་ཡོད་དམ་ཞེས་དྲིས་པར།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། “ཚེ་སྲོག་གི་བྱ་ཚང”ནི་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ནས་བྱུང་བ་རེད། གཙང་པོ་གསུམ་གྱི་ཁུངས་ལ་རྒྱ་ཆེ་བའི་རྩྭ་ཐང་ཡོད་མོད། འོན་ཀྱང་གྲང་ངར་ཆེ་བའི་དབང་གིས་དབྱང་རླུང་དཀོན་ ཞིང་ཤིང་སྡོང་སྐྱེས་དཀའ་བ། འདིར་འཚོ་བ་སྐྱེལ་བཞིན་པའི་འདབ་ཆགས་རིགས་300ཙམ་རྒྱུན་དུ་གློག་སྐུད་དང་གློག་སྡོང་གི་སྟེང་དུ་བབས་ནས་ངལ་གསོ་དང་འཚོ་སྡོད་བྱེད་ཀྱི་ཡོད་པས་གློག་གིས་ཤི་རྨས་འབྱུང་སླ་བར་མ་ཟད། ཐ་ན་གློག་དྲའི་གློག་སྒོ་ཡང་ལྡིང་སྲིད་པས། བདེ་འཇགས་ཀྱི་ཉེན་ཁར་གནས་ཡོད། སྔོན་ཆད། མི་རྣམས་ཀྱིས་རྒྱུན་པར་འདབ་འདེད་ཡོ་བྱད་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འདབ་ཆགས་འབབ་པར་སྔོན་འགོག་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ལྟ་ས་གནས་དེའི་ལས་བྱེད་པ་དང་མང་ཚོགས་དང་། གློག་དྲའི་ལས་བཟོ་པས་གློག་སྡོང་སྟེང་དུ་བདེ་འཇགས་ཀྱི་གནས་སུ་རང་འགུལ་ངང་མིས་བཟོས་བྱ་ཚང་བསྐྲུན་པ་དང་། འདབ་ཆགས་རྣམས་ཀྱང“མཛེས་བཟོ”བྱས་པའི་བྱ་ཚང་དེ་དག་གི་ནང་དུ་འབབ་བཞིན་ཡོད་པས་འདབ་ཆགས་ཀྱི་བདེ་འཇགས་འགན་ལེན་བྱེད་ཐུབ་པར་མ་ཟད་གློག་དྲའི་བདེ་འཇགས་ལའང་འགན་སྲུང་བྱེད་ཐུབ་ཡོད། འདབ་ཆགས་རྣམས་གློག་སྡོང་གི་སྟེང་དུ་འབབ་པར་བཀག་འགོག་བྱེད་པ་ནས་འདབ་ཆགས་དེ་རྣམས་ལ་བྱ་ཚང་བཟོས་ནས་སྲུང་སྐྱོབ་བྱེད་པ་བཅས་ནི། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་བསྡུས་གཟུགས་ཤིག་ཡིན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་རིགས་ཀྱི་སྣེ་ཁྲིད་འོག གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། མཚོ་བོདམཐོ་སྒང་གི་སྲོག་ཆགས་གཙོ་བོ་གསའ་ཡི་གྲངས་འབོར་དེ་ད་ལྟ1200ལས་བརྒལ་བ་དང་། རྐྱང་གི་གྲངས་ཀ་དེ་ཁྲི1.3ལས་བརྒལ་བ། དྲེད་མོང་གི་གྲངས་འབོར་དེ6000ལས་བརྒལ་ཡོད། མཚོ་སྔོན་ཁོ་ནར་ཡོད་པའི་དགོ་དམར་གྱི་གྲངས་འབོར་དེ་ཐོག་མར་སྲུང་སྐྱོབ་བྱེད་པའི་དུས་ཀྱི300ནས་ད་ལྟ3400ལྷག་ཙམ་ཇེ་མང་དུ་སོང་ཡོད་པ་དང་། མཚོ་སྔོན་པོའི་འདབ་ཆགས་སྣ་ཚོགས་འབུམ་དྲུག་ལས་བརྒལ་ཞིང་། ཉ་ཡི་རིགས་དེ2002ལོའི་ཏུན2500ལྷག་ཙམ་ནས་ད་ལྟའི་ཏུན་འབུམ1དང་ཁྲི2ལ་འཕར་སྣོན་བྱུང་ཡོད། ད་ལྟ་མཚེའུ་སྟོང་གི་མཛེས་ལྗོངས་ཆུ་བོ་གསུམ་གྱི་མགོ་ཁུངས་སུ་བསྐྱར་དུ་མངོན་པ་དང་།“ཀྲུང་ཧྭའི་ཆུ་མཛོད”སྔར་ལས་སྲ་བརྟན་དང་ཕུན་སུམ་ཚོགས་པར་གྱུར་ཡོད། འགྱུར་ལྡོག་འདི་དག་གི་རྒྱབ་ཏུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཚོ་སྔོན་ས་གཞི་ཆེན་པོའི་སྟེང་གི་མི་རེ་རེའི་སེམས་སུ་འཇགས་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་འབྲོག་པ་འབུམ་གཅིག་དང་ཁྲི་བཞི་སྟོང་དྲུག་ལྷག་གིས་ལག་གི་འུར་ཆ་བསྐྱུར་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་དང་སྐྱེ་ཁམས་ལྟ་སྲུང་བར་གྱུར་ཏེ་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། གཙང་གསུམ་འབྱུང་ཁུངས་དང་ཀྲུང་ཧྭའི་ཆུ་མཛོད་ནི་མཚོ་སྔོན་གྱི་ཡིན་ལ། རྒྱལ་ཡོངས་དང་འཛམ་གླིང་གི་ཡང་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་འགན་འཁྲི་འཁུར་ནས་གནས་འདིའི་སྲོག་ཆགས་དང་རྩྭི་ཤིང་། རི་ཆུ་ཁྲི་སྟོང་སྲུང་སྐྱོང་ཡག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་སུ་འགྲོ་བའི་སྐྱེ་ཁམས་ཀྱི་རྨང་རྡོ་སྲ་བརྟན་དུ་བཏང་ཡོད།
འཐུས་མི་ལུའོ་ཏུང་ཁྲོན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་མཚོ་སྔོན་གྱིས་ཇི་ལྟར་བྱས་ནས་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་སྐོར་གྱི་དྲི་བར་ལན་འདེབས་སྐབས། “ཕྱོགས་བཞིའི”ཐད་ནས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་རེད། ས་གཤིས་ཀྱི་ངོས་ནས་བལྟས་ན། མཚོ་སྔོན་ནི་སའི་གོ་ལའི་འཕེལ་འགྱུར་གྱི་ལངས་གཟུགས་ཡིན། ཁུ་ནུ་རི་བོའི་ལོ་ངོ་ཁྲི་ཡི་འཁྱགས་འཁྱིལ་ནས་ཚྭ་ཨར་ཧན་ཚྭ་མཚེའུ་བར་གྱི་མཁའ་དབྱིངས་མེ་ལོང་དུ་མཚོ་འཕང4500ཡི་དྲང་འཕྱང་བར་ཁྱད་ཀྱིས་གོ་ལ་ཧྲིལ་པོའི90%ཡི་མཐོ་གྲང་མ་ལག་གྲུབ་ཡོད་པ་རེད། ཨ་མྱེས་རྨ་རྒྱལ་འཁྱགས་འཁྱིལ་གྱི་འཁྱགས་སྲུབས་ཁྲོད་དུ་དུས་རབས་བཞི་པའི་འཁྱགས་དུས་ཀྱི་གནམ་གཤིས་གསང་གྲངས་བཀག་སྡོམ་བྱས་ཡོད། ཨ་ཆེན་གངས་རྒྱབ་ནས་གསོར་ལེན་བྱས་པའི་འཁྱགས་སྙིང་གིས་ལོ་ས་ཡ་གཅིག་གི་རླུང་ཁམས་ཆེན་པོའི་གྲུབ་ཆའི་འགྱུར་ལྡོག་གི་དཔེ་རིས་བཀྲོལ་ཐུབ། “ས་གཞི་ཆེན་པོའི་གསང་གྲངས”དེ་དག་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་གྱི“གསང་རྟགས”དུ་འགྱུར་བཞིན་ཡོད། སྐྱེ་ཁམས་ཀྱི་ཐད་ནས་བལྟས་ན། མཚོ་སྔོན་གྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། གཙང་གསུམ་འབྱུང་ཁུངས་ཀྱི་དམར་ཕྱིའི་པར་ཆས་ལས་གསའ་ཡིས་བསྟུད་མར་ལོ་བདུན་གྱི་རིང་དུ་གཏན་འཁེལ་བྱས་ནས་ཕྲུ་གུ་གསོས་པའི་རྗེས་ཤུལ་ཟིན་ཐོར་བཀོད་ཡོད། དེ་དག་གི་འཚོ་གནས་ཀྱི་གནས་ཚུལ་ནི་སྐྱེ་ཁམས་མ་ལག་གི་འཇལ་ཆས་ལྟ་བུར་གྱུར་ཡོད། མཚོ་སྔོན་པོའི་འགྲམ་གྱི་དགོ་དམར་ནི2004ལོར257ལས་མེད་པ་ནས་ད་ལྟ3400ལྷག་ཙམ་ཡོད་པས་སྲུང་སྐྱོང་ནི་སྐྱེ་དངོས་སྣ་མང་སླར་གསོ་བྱེད་པའི་མ་དཔེ་ཞིག་ཏུ་བརྗོད་ཐུབ། ཨ་ཆེན་གངས་རྒྱབ་སོགས་ཀྱི་གཙོད་ཁྱུ་དེ་ཁྲི7ལྷག་ཙམ་ལ་སླར་གསོ་བྱུང་ཡོད་ཅིང་། གཙང་གསུམ་ཆུ་ཁུངས་ཁུལ་གྱི་ཆུ་ཁུངས་གསོག་འཇོག་བྱེད་ཚད་ལོ་བཅུའི་ནང་23.6%འཕར་ཡོད་པ་དེ་དག་ཚང་མ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། རིག་གནས་ཀྱི་ངོས་ནས་བལྟས་ན། མཚོ་སྔོན་ནི་རིག་གནས་སྣ་མང་གི་ལོ་རྒྱུས་སྙན་ངག་གསོན་ཉམས་ལྡན་པ་ཞིག་རེད། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་འཚེམ་དྲུབ་ལ་བྱང་པའི་བུད་མེད་ཚོས་དར་སྐུད་རིགས365སྤྱད་དེ། “འཇའ་ཚོན་ཚོ་བའི”གཏམ་རྒྱུད་གཙགས་གྲུབ་བྱེད་བཞིན་ཡོད། ཏུའུ་ལན་ཆུ་ཁོལ་གྱི་བང་སོའི་ཚོགས་སུ་གནའ་རྫས་རྟོག་ཞིབ་མཁས་པས་གསར་དུ་རྙེད་པའི་ཐུའུ་ཡུའུ་ཧོང་རྒྱལ་རྒྱུད་ཀྱི་གསེར་གྱི་ཅོད་པན་དེས་གནའ་བོའི་དར་གོས་ལམ་གྱི་ཤེས་རིག་མཉམ་འདྲེས་ར་སྤྲོད་བྱས་ཡོད། ཡུས་ཧྲུའུ་རྩྭ་ཐང་གི་འབྲོག་པ་ཟླ་བ་གྲགས་པས་བསྟུད་མར་དུས་ཚོད138ཀྱི་ནང་དུ་སྒྲུང་བཤད་ཐུབ་པ་དང་། སྐད་ངག་ལ་བརྟེན་ནས་གསོན་ཉམས་ལྡན་པའི་སྙན་ངག་ཚིག་རྐང་འབུམ་གཉིས་དང་ཁྲི་ལྔ་སྲུང་སྐྱོབ་བྱས་པས། ཤེས་རིག་གི་རྒྱུད་རྒྱུ་གཙང་གསུམ་གྱི་མགོ་ཁུངས་སུ་རྒྱུན་ཆད་མེད་པར་སྐྱེ་འཚར་བྱེད་བཞིན་ཡོད། མ་འོངས་པའི་ངོས་ནས་བལྟས་ན། མཚོ་སྔོན་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གསར་གཏོད་ཚོད་ལྟའི་ཁུལ་ཞིག་རེད། མཚོ་འཕང4200ཡོད་པའི་གསེར་ཐང་རི་རྩེ་རུ། འཁྱག་མཚེའུ་གནམ་རིག་ལྟ་ཞིབ་ཞིབ་འཇུག་རྟེན་གཞིའི་འོད་རིག་རྒྱང་ཤེལ་24ཡིས་འཇིག་རྟེན་གྱི་མ་འོངས་པའི་གསང་བ་ཐག་གཅོད་བྱེད་བཞིན་ཡོད། མ་འོངས་པར་ཁ་ཕྱོགས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱིས་སྐྱེ་ཁམས་ཀྱི་མ་འོངས་པ་མཚོན་པར་མ་ཟད། རྒྱ་ཆེ་བའི་འཛམ་གླིང་ལ་ཕྱོགས་ནས་སྐྱེ་ཁམས་ཡུལ་སྐོར་ཞིབ་ཚགས་ཅན་དང་། ཐཱན་ཉུང་ཅན། ལྗང་མདོག་ཅན་བཅས་ལ་དམིགས་ཏེ་རྒྱལ་སྤྱི་ཅན་གྱི་ཚད་ལྡན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཡུལ་སྐོར་བར་ཆེས་ངོ་མ་དང་ཆེས་དཀོན་ཤོས་ཀྱི་སྐྱེ་ཁམས་མཛེས་སྡུག་མྱོང་ཚོར་བྱེད་དུ་འཇུག་དགོས།
འཐུས་མི་ལུའོ་ཏུང་ཁྲོན་གྱིས“མཚོ་འཕང་གསུམ”ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་རྣམས་གདན་འདྲེན་བྱས་ཏེ། སྨི2260ཡོད་པའི་ཟི་ལིང་ཁྲོམ་གཞུང་རྙིང་པར་ཇ་འཐུང་ཞོར་འདས་ཟིན་པའི་རྨ་ཙོང་རིག་གནས་ལ་ཉན་པ་དང་། སྨི3810ཡོད་པའི་མཚོ་སྔོན་པོའི་འགྲམ་དུ་ཁྲུང་ཁྲུང་མགོ་ཁྲ་དང་མཉམ་དུ་ཞབས་བྲོ་འཁྲབ་པ། སྨི6178ཡོད་པའི་གཡང་ཊི་རི་བོའི་རྩེ་རུ་སྤྲིན་པའི་སྟེང་གི་ཀྲུང་གོར་རོལ་མྱོང་བྱེད་པ་སོགས་ཉམས་ལེན་བྱེད་དུ་བཅུག
ཟླ་སྔོན་མར། ཚྭ་འདམ་གཤོང་ན་གོར་མོ་ཤར་རྒྱུད་བྱེ་ཐང་རྟེན་གཞིའི་གློག་ཁུངས་ལས་གཞི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་ལས་མགོ་བརྩམས་ནས་ད་ལོའི་མཚོ་སྔོན་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་གྱི“གདོང་མཆོང་དུང་བརྡ”བསྒྲགས། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་འཐུས་མི་ཝུའུ་ཞའོ་ཅུན་ལ་ལས་གཞིའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་དྲི་བ་བཏོན་པ་ན།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ལས་གཞི་འདིར“ཆེས་ལྔ”ཡོད་པ་སྟེ། རྒྱལ་ནང་གི་འཆར་འགོད་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་ཆེ་ཤོས་དང་། མ་དངུལ་བསྡོམས་འབོར་ཆེ་ཤོས་དང་། ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད་མཐོ་ཤོས་དང་། འགྱུར་མཚམས་ལས་བརྒལ་བའི་རྡོ་སོལ་འཕྲུལ་འཁོར་ཚན་པའི་ས་བབ་མཐོ་བའི་འཕྲུལ་འཁོར་རྐྱང་བའི་ཤོང་ཚད་ཆེ་ཤོས་དང་། ཕྱི་སྐྱེལ་བགྲོད་ལམ་དེ་གློག་དྲ་གཉེར་སྐྱོང་ཁུལ་ལས་བརྒལ་ཐེངས་དང་པོ་ཡིན་པས་རྒྱལ་ཡོངས་སུ་དཔེ་སྟོན་དང་ཚབ་བྱེད་ཀྱི་དོན་སྙིང་གལ་ཆེན་ལྡན། འཛུགས་སྐྲུན་རྗེས་སུ“ཆིང་ཀའེ་ཐད་རྒྱུག”བརྒྱུད་ནས་ལོ་རེ་བཞིན་ཀོང་ཞིར་ཆན་ཝ་དུས་ཚོད་ཐེར་ཆེན་གསུམ་དང་ཐེར་འབུམ་དྲུག་ཡན་གྱི་ལྗང་མདོག་གློག་སྐྱེལ་རྒྱུ་རེད། མཚོ་སྔོན་ལ་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན། ཉེ་བའི་ལོ་ཤས་རིང“ཆུ་ཕུན་སུམ་ཚོགས་པ་དང་། འོད་ཕུན་སུམ་ཚོགས་པ། རླུང་ཕུན་སུམ་ཚོགས་པ། ས་ཆ་རྒྱ་ཆེ་བ”བཅས་ཀྱི་ཐོན་ཁུངས་སྐྱེས་སྟོབས་ལ་བརྟེན་ནས། གཞི་གཅིག་ཅན་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཡོད། ན་ནིང་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་བྱེ་བ་བདུན་དང་ས་ཡ་གཅིག་ལས་བརྒལ་བ་དང་། ནུས་རྒྱུ་གཙང་མའི་འཕྲུལ་འཁོར་སྒྲིག་སྦྱོར་གྱིས་བཟུང་བའི་བསྡུར་ཚད94.6%ཟིན་ནས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས། ནུས་རྒྱུ་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་70%ཟིན་པས།རྒྱལ་ཡོངས་སུ་ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་འཕྲུལ་འཁོར་དང་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད“གཙོ་གཟུགས་གཉིས”སྔོན་ལ་མངོན་འགྱུར་བྱུང་བས།“མཐོ་འཁྱགས”མཚོ་སྔོན་ལ“འོད་སྣང”གི་དུས་སྐབས་བསུས་ཡོད། དེ་དང་མཉམ་དུ་ནུས་རྒྱུ་གཙང་མས་མཚོ་སྔོན་གྱི་འཕེལ་རྒྱས་ལ་འགྲན་ལམ་གསར་པ་བཏོད་ཡོད། ང་ཚོས་མིས་བཟོས་རིག་ནུས་འཕེལ་རྒྱས་གཏོང་བའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་ནུས་ཁུངས་ཧ་ཅང་འདང་ངེས་དང་ གློག་རིན་ཧ་ཅང་དམའ་བ། ལྗང་མདོག་གློག་ཧ་ཅང་བཟང་བ། གནམ་གཤིས་ཧ་ཅང་བཟང་བ། ནུས་ཁུངས་ཟད་གྲོན་ཧ་ཅང་ཉུང་བ། ཐོབ་ཆ་ཧ་ཅང་མཐོ་བ་བཅས་ཀྱི་ལེགས་ཆ་དྲུག་འདོན་སྤེལ་གང་ལེགས་བྱས་ཏེ། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ན་ནིང་མཚོ་སྔོན་ལ་ལྗང་མདོག་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་སྔོན་ལ་ཚོད་ལྟ་བྱ་རྒྱུའི་ཆོག་མཆན་ཐོབ་པ་དང། དྲ་སྦྲེལ་གྱི་སྣེ་ཁྲིད་ཁེ་ལས་ཁག་ཅིག་མཚོ་སྔོན་དུ་གཞིས་ཆགས་པར་བརྟེན་བློ་རིག་རྩིས་རྒྱག་དང་། ཚད་བརྒལ་རྩིས་རྒྱག སྦྱོང་བརྡར། ཉེར་སྤྱོད། གཞི་གྲངས་མཆན་འགོད་སོགས་ཐོན་སྐྱེད་ནུས་ཤུགས་གསར་པ་ཆགས་པ་དང་། ལྗང་མདོག་རྩིས་རྒྱག་ནུས་པ་དེ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད།
ཞང་ཀང་ཏ་ཀུང་ཝུན་ཧུའེ་སྨྱན་བྱད་ཚོགས་པའི་གསར་འགོད་པས་འཐུས་མི་ཝང་གོ་ཏུང་ལ་འདྲི་རྒྱུར། མཚོ་སྔོན་གྱི་སྔོ་ཚལ་གྲང་མོ་ཞང་ཀང་ཁྲོམ་རར་ཞུགས་ཡོད་པ་མ་ཟད། ས་གནས་དེའི་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཀྱི་ཡོད། མ་འོངས་པར་མཚོ་སྔོན་གྱི་ཐོན་རྫས་གང་དག་ཞང་ཀང་གི་ཁྲོམ་རར་ཞུགས་རྒྱུ་དང་། ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔར་ལས་འཛུགས་སྐྲུན་བྱེད་པའི་ཐད་ཞིབ་ཕྲའི་བྱེད་ཐབས་གང་དག་ཡོད་དམ།
འཐུས་མི་ཝང་གོ་ཏུང་གིས་བཤད་རྒྱུར། ལོ་མང་རིང་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་སྔོ་ཚལ་གྲང་མོ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཞིང་། སྔོ་ཚལ་གྲང་མོ་ནི་ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མཚོ་སྔོན་ཞིང་ལས་ཐོན་སྐྱེད་ཀྱི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད། རྗེས་ཕྱོགས་སུ་གནས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་ཉིན་རེ་བཞིན་དམ་ཟབ་ཏུ་འགྲོ་བ་དང་མཉམ་དུ་ནས་དང་སྦྲང་རྩི་སོགས་མཚོ་སྔོན་ས་མཐོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུག་ཐོན་རྫས་དེ་ལས་མང་པོ་ཞང་ཀང་གི་ཁྲོམ་རར་རིམ་བཞིན་ཞུགས་རྒྱུ་ཡིན། གོ་རིམ་རྗེས་མར་ང་ཚོས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ལས་གྲོང་གསེབ་པུའུ་ཡིས་མཉམ་དུ་པར་འགྲེམས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི(2024ལོ་ནས2030ལོ་བར)》གཞིར་བཟུང་ནས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུ་ཡིན།
གཡང་འབུམ་རྒྱལ་གྱིས་བསྒྱུར།