རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2025.03.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ3པའི་ཚེས9ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། མཚོ་སྔོན་འཐུས་ཚབ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཝང་ཧྭ་ཅེ་ཡིས་སྒྲོག་སྤེལ་བྱས།

ཝང་ཧྭ་ཅེ་ཡིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་ཞུགས་གནས་ཚུལ་དང་གྲོས་གཞི་བསམ་འཆར་སྤྲད་པའི་གནས་ཚུལ། ལོ་གཅིག་རིང་གི་འགན་སྒྲུབ་བྱ་བའི་གནས་ཚུལ་སོགས་ངོ་སྤྲོད་བྱས།

ཝང་ཧྭ་ཅེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་བསྡོམས་པས་ཉེར་གསུམ་ཡོད་པ་དང་། ཚོགས་འདུའི་སྔོན་དུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྩ་འཛུགས་བྱས་ནས་ཆེད་དོན་རྟོག་ཞིབ་དང་གཅིག་བསྡུས་ལྟ་ཞིབ་སྤེལ་བ་དང་། འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དམིགས་ནས་ཞིབ་ཀློག་དང་གྲོས་སྡུར་ནན་མོ་བྱས་པར་མ་ཟད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་གྲ་སྒྲིག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། འཐུས་མིས་གྲོས་ཚོགས་བཟང་བོར་བསྡུ་བ་དང་འགན་སྒྲུབ་ནན་མོ་བྱེད་པར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་སྤུས་ཚད་མཐོ་བའི་ངང་གྲོས་གཞི་འདོན་པ་དང་ཆུ་ཚད་མཐོ་བའི་ངང་གྲོབ་ཞིབ་གཏམ་བཤད་བཟང་བོ་བྱེད་པ་སོགས་ཕྱོགས་ནས་རེ་བ་གསལ་བོ་བཏོན་པ་དང་བཀོད་སྒྲིག་བཟང་བོ་བྱས།

ཟླ3པའི་ཚེས8ཉིན། མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་གཞི1སྤྲད་པ་དང་། འཐུས་མིའི་གྲོས་གཞི121སྤྲོད་རྩིས་ཡོད་ལ། ནང་དོན་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར། སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་སོགས་འདུས།

ཝང་ཧྭ་ཅེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་གཅིག་གི་རིང་ལ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ21སྒྲིག་བཟོ་དང་བཟོ་བཅོས་བྱས་པ་དང་མེད་པར་བཟོས་ལ། ཁྲིམས་སྲོལ་སྲོལ་ཡིག38ལ་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་པ་དང་། ཆེད་དོན་བྱ་བའི་སྙན་ཞུ17ལ་ཉན་པ་མ་ཟད་གྲོས་ཞིབ་བྱས་ལ། ཁྲིམས་འཛིན་ཞིབ་བཤེར་ཐེངས་གསུམ་ལ་སྤེལ་བ་དང་ཆེད་དོན་བློ་འདྲི་ཐེངས་གཅིག་སྤེལ་ལ། ཆེད་དོན་རྟོག་ཞིབ་ཐེངས་གསུམ་ལ་སྤེལ་ཞིང་། གྲོས་ཆོད་གཏན་ཁེལ་བཅོ་བརྒྱད་ཕྱིར་བཏོན་ལ། ཁྲིམས་སྐྱོང་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྲུང་སྐྱེལ་བྱེད་པའི་ཐད་ནས་སྟོབས་ཤུགས་སྔར་ལས་ཆེན་པོ་ལྡན་ཟེར།

ཝང་ཧྭ་ཅེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་རེ་བ་སྣ་ཚོགས་སྟེང་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཤིང་། མི་དམངས་ཀྱི་ཁེ་ཕན་བསམ་པ་དང་། ཁྲིམས་བཀོད་འགན་འཁྲི་ལག་བསྟར་ནན་མོ་བྱས་ཤིང་། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ། དུས་རབས་གསར་བར་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ལག་ལེན་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་སྤྲད་པ་དང་། མཚོ་སྔོན་མི་དམངས་ཀྱི་མགྲིན་ཚབ་པ་བཟང་བོ་བྱས་ཟེར།

ཝང་ཧྭ་ཅེ་ཡིས་ད་དུང་མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་དང་། ཐུན་མོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱས་པའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པར་སོང་ནས། འཐུས་མི་ཚོ་དང་མཉམ་དུ་གྲོས་ཞིབ་བྱས་པའི་གནས་ཚུལ་བཅས་ངོ་སྤྲོད་བྱས།

འཐུས་མི་ཚོས་མཐའ་གཅིག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་རེ་བ་དོན་འཁྱོལ་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལས་ཞུགས་དང་འཕེལ་རྒྱས། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། དངོས་སྒྲུབ་སྔོན་བརྩོན་གྱི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།