ཟླ3པའི་ཚེས11ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་རྗེས་ཕྱིར་ཟི་ལིང་དུ་ལོག
གྲོས་ཚོགས་ཀྱི་སྐབས་སུ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྤྲོ་སེམས་ཆེན་པོ་དང་འགན་འཁྲི་ཆེན་པོ། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཆེན་པོར་བརྟེན་ནས་འགན་འཁྲི་ནན་སྒྲུབ་བྱས་པ་དང་། གྲོས་མོལ་སྲིད་གླེང་ཁྲོད་ཟབ་ཞུགས་བྱས་ལ། ཐབས་འདོན་ཇུས་འབུལ་བྱས་ནས་མཚོ་སྔོན་སྲིད་གྲོས་ཨུ་ཡོན་གྱི་ཉམས་སྣང་མངོན་པར་བྱས།
མ་འོངས་པར་རྒྱང་བལྟ་བྱེད་དུས་ཨུ་ཡོན་རྣམས་ལ་ཡིད་ཆེས་དང་སྤོབས་སེམས་ཀྱིས་ཁེངས་འདུག ཚང་མས་བསྟན་དོན། འདི་ནི་དར་ཆ་མཐོར་བསྒྲེངས་དང་མཐུན་སྒྲིལ་དམངས་གཙོ། བརྩོན་སེམས་ཆེར་སྐྱེད་ཀྱི་ཚོགས་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་བཟང་པོ་དང་ལག་བསྟར་བཟང་པོ་བྱེད་དགོས་ལ། ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་དངོས་སྒྲུབ་ཀྱི་སྟོབས་ཤུགས་སུ་བསྒྱུར་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་པ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གནད་འཁེལ་ཤུགས་འདོན་བྱེད་དགོས་ཟེར།
མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཝང་ཁུན་གྱིས་བཤད་རྒྱུར། ཚོགས་ཆེན་རྒྱལ་ཁའི་ངང་མཇུག་བསྒྲིལ་སོང་། དམིགས་འབེན་ཧ་ཅང་གསལ་བོ་ཡིན་ལ། གནད་འགག་ནི་དོན་འཁྱོལ་བྱ་རྒྱུ་དེ་རེད། རྗེས་ཕྱོགས་ང་རང་ཉིད་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ལྷོད་མེད་བྱེད་པ། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་བྱ་བར་དམིགས་པ། གཞི་རིམ་ལ་ཟབ་ཞུགས་བྱས་ནས་རྟོག་ཞིབ་བྱེད་པ། དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཀྲུའུ་ཁྲིན་ཡུན་གྱིས་བཤད་རྒྱུར། དགུ་གསུམ་སློབ་ཚོགས་ཀྱི་ཞིང་ཆེན་རིམ་པའི་འགན་འཁུར་བ་ཡིན་པའི་ཆ་ནས། རང་ཉིད་ཕྱིར་ལས་གནས་སྟེང་ལོག་རྗེས་དུས་ལྟར་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱ་རྒྱུ་ཡིན་ལ། གྲོས་ཚོགས་ཀྱི་དགོངས་དོན་ང་ཚོའི་ཏང་ཁག་གི་བྱ་བ་སོ་སོའི་ཁྲོད་འདྲེས་པར་བྱ་རྒྱུ་ཡིན། ལས་རིགས་སོ་སོའི་ཁྱད་ཆོས་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་དར་སྤེལ་སོགས་ཕྱོགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རྒྱུན་མཐུན་ངང་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།