འཆི་བདག་གིས་སྒོ་གླེགས་རྡུང་ཐེངས་རེར། ༼བསྡུས་རྩོམ།༽
2025.05.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

བོན་རྒྱ་ལྷ་དཀར་རྒྱལ།  ཟི་ལིང་།

མི་ཚེ་གཅིག་གི་ནང་དུ། དོན་དམ་དུ་ཅི་ཞིག་ནི་ཆེས་གལ་འགངས་ཆེ་ཤོས་དེ་ཡིན་ནམ། ཁྱོད་ཀྱིས་རང་ལ་དེ་ལྟར་དྲི་བ་འདོན་སྲིད། ཁྱོད་རང་ལོ་ན་ལྔ་ཙམ་ཡིན་དུས། ཁྱོད་ཀྱིས་སྤར་མོའི་ནང་དུ་བསྡམས་པའི་ཀ་ར་རྡོག་པོ་དེ་ནི་ཁྱོད་ལ་མཚོན་ན་ཆེས་གལ་ཆེན་ཞིག་རེད་འདོད་ངེས། ཁྱོད་རང་ལོ་ན་བརྒྱད་ལ་སོན་དུས། རེ་ཞིང་སྒུག་པའི་སློབ་གྲྭའི་གནང་བ་གཏོང་ཉིན་དེ་ནི་ཅི་འདྲའི་གལ་ཆེན་ཞིག་རེད་ཨང་འདོད། ཁྱོད་རང་ལོ་ན་བཅོ་ལྔའི་དུས་སུ། གྲལ་མཚེས་བུ་མོ་སྙིང་རྗེ་བོ་གང་དེའི་ཞལ་འཛུམ་དང་མིག་བརྡ་ནི་ཁྱོད་ལ་མཚོན་ན་ཅི་འདྲའི་གལ་ཆེན་ཞིག་ཡིན་ཨང་། ལོ་ན་བཅོ་བརྒྱད་ལ་ཐོན་དུས། ན་མཉམ་དག་ཟིལ་གྱིས་གནོན་པའི་ལ་རྒྱ་དང་ང་རྒྱལ་གྱི་སྣང་བ་དེ་ནི་ཅི་འདྲའི་གལ་ཆེ་བ་ལ། ལོ་ན་ཉི་ཤུའི་ཐེམ་པ་བརྒལ་དུས། གཞན་ཡིད་འགུགས་པའི་དངུལ་ལོར་དང་གཞན་བློ་བསླུ་བའི་བློ་རིག་ཁ་ལྕེ་དེ་ཡང་ཧ་ཅང་གལ་འགངས་ཆེ་བ་ལ་ཨང་སྙམ། ལོ་ན་ཉེར་གཉིས་ཟིན་པའི་སྟོན་མཇུག་ཅིག་ལ། ཁྱོད་ཀྱིས་གཞི་ནས་མི་ཚེ་འདིར་ཆེས་གལ་འགངས་ཆེ་ཤོས་ནི་རང་ཉིད་ཀྱི་བདེ་འཇགས་ཡིན་པའི་འདུ་ཤེས་རྙེད་བྱུང་།

ཉིན་དེར། ཁ་བ་དཀར་པོས་ས་འཛིན་གྱི་ཞལ་མདངས་ཡོངས་སུ་བསྒྱུར་ཡོད། ལྷབ་ལྷུབ་འབབ་པའི་ཁ་བའི་འདབ་མ་དག་གིས་མི་ཡུལ་དུ་ཆེས་མཛེས་པའི་རི་མོ་འབྲི་བའི་ཞོགས་པ་ཞིག་ཡིན། ཁྱོད་ཀྱིས་དཔེ་ཁུག་དང་བཅས་པའི་ཅ་ལག་ཡོད་ཚད་ཁྱེར་ནས་རླངས་འཁོར་དུ་བུད། རྨ་བྱང་དང་རྭ་རྒྱའི་བར་གྱི་གཞུ་ལས་ཀྱང་ག་གུག་མང་བའི་ལམ་ཐོག་ཏུ་བབས་པའི་ཁངས་ནི། ཡར་འགྲོ་མར་བཞུད་ཀྱི་རླངས་འཁོར་གྱིས་བརྫིས་ཏེ་དར་དུ་བསྒྱུར་འདུག གུག་མཚམས་ཤིག་གི་ཐུར་ངོས་ནས་མར་འབབ་སྐབས། ཁ་ལོ་བས་ཧ་ཅང་སེམས་ཆུང་བྱས་མོད་རླངས་འཁོར་གྱི་བསྒག་ཟྭའི་ནུས་པ་ཡོངས་སུ་ཉམས་པས་དར་ཤུད་སྟེག་པ་ཇི་བཞིན་རླངས་འཁོར་ནིམདའ་འཕངས་པ་ལྟར་ཤུར་སེ་ལམ་ཐོག་ནས་ཤུད་དེརང་ཤུགས་ཀྱིས་ཁ་ཕྱིར་འཁོར་ནས་གཞུག་འཁོར་གཡས་པ་ལམ་འགྲམ་གྱི་རྐ་ནང་དུ་ལྷུང་བས་ཏན་སེ་བསྡོད་ཐུབ་ཙམ་བྱུང་སོང་། ཁ་ལོ་བ་ཡང་སྐྲག་ཐག་ཆོད་དེ་ཁ་ནས“ཨ་ཡུལ་ལྷ་ཡ”ཞེས་པའི་ཚིག་དེ་འདར་སྐད་དང་བཅས་ཤོར། ཁྱོད་ཀྱི་རྒྱུ་ཞབས་ཤིག་ནས་ན་ཟུག་ཅིག་ཐོལ་གྱིས་ལངས་ཏེ་སྙིང་ཁོང་ལ་བརྒྱབ་ནས་གཅུ་ལོག་ཅིག་བྱས། སྐད་ཅིག་མ་དེའི་འཕྲོ་ལ། ཁྱོད་ཀྱི་སེམས་སུ་རང་གི་དྲིན་ཆེ་བའི་སྤོ་བོ་དང་ཕ་མ་གཉིས་ཀྱི་ཞལ་རས་འཁོར། ཕུ་ནུ་མིང་སྲིང་གི་འདང་བརྩེ་འཁོར། གྲོགས་དང་གྲོགས་མོའི་ཕྱིར་དྲན་འཁོར། ཨ་ཁ་ཁ། ཅུང་ཙམ་གྱིས་མིན་ན། སེན་མོ་ཙམ་གྱིས་མིན་ན། སེ་གོལ་གཏོགས་ཡུན་ཙམ་གྱིས་མིན་ན། ཁྱོད་ཀྱི་དམར་ཆུང་སྲོག་དེ་འཆི་བདག་གཤིན་རྗེས་ཁྱེར་སོང་།

སྐབས་དེར། ཁྱོད་ཀྱི་སེམས་སུ། གལ་ཏེ་ཁྱོད་རང་ཤི་སོང་ཚེ། ཤི་བ་ནི་ཁྱོད་ཤི་བ་གཅིག་པུ་ཙམ་མིན་པར། ལོ་ན་བརྒྱད་ཅུར་ཐོན་པའི་རྒན་པོ་ཞིག་གི་ཚ་བོ་དང་། ཕ་ཞིག་གི་ཡ་ཐོད་མིག མ་ཞིག་གི་དམར་ཆུང་སྙིང་། བྱང་ཁོག་གཅིག་བརྒྱུད་ཀྱི་ཕུ་བོ་ཞིག་གི་ནུ་བོ། ནུ་བོ་ཞིག་གི་ཕུ་བོ། སྲིང་མོ་ཞིག་གི་མིང་བོ་ཤི་བ་མ་ཡིན་ནམ། ལག་རྡང་གཅིག་ཏུ་སྦྲེལ་མྱོང་སའི་མཛའ་མོ་ཞིག་གི་སྐྱ་ཡ། སྐྱིད་སྡུག་མཉམ་དུ་ཁུར་མྱོང་བའི་གྲོགས་པོ་ཞིག་གི་བློས་ཐུབ་ཤི་ཟིན་པ་མ་ཡིན་ནམ། ཨ་ཁ་ཁ། ཅི་འདྲའི་འཇིགས་སུ་རུང་བ་ལ་ཨང་།  ཅི་འདྲའི་ཉེན་ཁ་ཚ་བ་ལ་ཨང་།

དུས་དེ་ནས་བཟུང་། ཁྱོད་ཀྱིས་རང་གི་མི་ཚེ་གཅིག་གི་ནང་ལ་ཆེས་གལ་འགངས་ཆེ་བའི་དོན་དག་དེ། མཐར་གཏུགས་ན་རང་གི་བདེ་འཇགས་དང་། མདོར་དེད་ན་རང་གི་ཚེ་སྲོག་ཡིན་པ་ངོས་ཟིན་སོང་། ཁྱོད་ཉིད་ཁྱོད་རང་གཅིག་པུ་ལ་དབང་བ་མ་ཡིན་པར། ཕ་མ་དང་ཕུ་ནུ་མིང་སྲིང་། བརྩེ་གྲོགས་དང་བློ་ཁ་མཐུན་ཡ་ལ་དབང་བའང་ཤེས་སོང་། ཁྱོད་ཀྱི་རྐྱེན་དང་ཁྱོད་རང་མ་ཤི་གསོན་ངོགས་ན་ཡོད་པས་ན། ཕ་མའི་སེམས་དྲོ། ཕུ་ནུའི་མགུ་གང་། ན་ཟླའི་བློ་སྤྲོ་ནས་ཡོད་པ་མ་ཡིན་ནམ་སྙམ།

ཁྱོད་ཀྱི་སེམས་སུ། གལ་ཏེ་བདེ་སྐྱིད་ལ་འགྲེལ་བཤད་མང་པོ་ཞིག་ཡོད་དུ་ཆུགས་མོད། ང་ཚོ་མི་རེ་རེ་བདེ་འཇགས་དང་བདེ་ཐང་གིས་འཚར་རྒྱུ་ནི། བྱ་བ་ཅི་དང་གང་གི་མ་མཐའི་ཆ་རྐྱེན་དང་ཆེས་མཐོའི་རེ་བ་མ་ཡིན་ནམ། རྨང་གཞི་དེ་ལ་བརྟེན་ནས་ད་གཟོད། སྒྱུ་ལུས་ཕུང་བོས་རོལ་རྩེད་དང་ཚོགས་དྲུག་སྣང་བས་མྱོང་རོལ་བྱེད་དགོས་པ་མ་ཡིན་ནམ།

དེ་བས། རང་ལ་གཅེས་པ་ནི་ཚེ་སྲོག་ལ་གཅེས་པ་ཡིན་ལ། གཉེན་ཉེ་ལ་གཅེས་པ་ཡིན། ཡང་ན། གཞན་ལ་གཅེས་ཚུལ་ཡང་འགྲིམ་འགྲུལ་བདེ་འཇགས་དང་སྒྲིག་ལམ་སྲུང་བརྩི་བྱེད་པ་ནས་མགོ་རྩོམ་པ་ལས་གཞན་ཅི། ཁྱོད་ཀྱིས་དེ་ལྟར་སྙམ་བཞིན་ལམ་མདོ་དེ་རུཕྱི་མིག་ཡང་ཡང་འཕངས།

 

                                                        

གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།