ཉེན་བརྡ་སེར་པོ།༼བསྡུས་རྩོམ།༽
2025.05.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

ཚེ་ཤིས་ལྷ་དོན། (གཙོས)

ལོ་འགའི་སྔུན་གྱི་དགུན་ཁ་ཞིག་ལ་ང་ཕྱི་ལ་འཆམ་འཆམ་དུ་སོང་ནས་ཁྱིམ་ལ་ལོག ཁྱིམ་ལ་ལོག་སའི་ལམ་གྱི་བཞི་མདོ་བརྒལ་རྩིས་སུ་གློག་ལྗང་གློག་སེར་དུ་གྱུར་པས་ངས་མདུན་ལ་སྤོ་གྲབས་ཀྱི་གོམ་ཁ་འཐེན་ཏེ་ངང་སྒུག་བྱས་པ་ཡིན།  གློག་སེར་པོ་བཀར་བའི་སྐར་ཆ་གསུམ་གྱི་སྐད་ཅིག་མ་དེར་ད་ལྟ་བདག་གི་ཡིག་འབྲུའི་མཐིལ་ལྷུང་བའི་བརྗེད་དཀའི་དོན་རྐྱེན་དེ་བཤམས་སོང་། སྐབས་དེར་ངེད་ཅག་མི་གསུམ་བཞི་ཙམ་ངང་སྒུག་ས་རུ་ཡོད་ཅིང་། དེའི་གྲས་སུ་སྦག་སྦག་སྟེང་ལ་སྒ་ཉལ་རྒྱབ་ཡོད་པའི་བོད་ལྭ་ཅན་གྱི་ཨ་ཁུ་ཞིག་ཀྱང་མཆིས། ཁོས་གློག་སེར་རྗེས་ལ་གློག་ལྗང་ཡིན་འདོད་པ་ཡིན་ནམ་ཅི། གློ་བུར་ཏུ་སྦག་སྦག་གི་སྣུམ་སྒོ་ཤུགས་ཀྱིས་གཅུས་ཏེ་ཝ་ཞྭའི་ཙར་ལོའི་སྣེ་མོ་རླུང་གིས་བསྐྱོད་ཀྱིན་ཕར་ཕྱོགས་སུ་རྒྱུགས་སོང་། ལམ་གྱི་དཀྱིལ་ལ་སླེབས་མ་ཙམ་དུ་གཡས་སྐྱོགས་ཀྱི་རླངས་འཁོར་ཆུང་བ་ཞིག་གི་ལྟོ་བར་སྐོབས་སེ་བརྒྱབ་པས་ལམ་མདོའི་ལམ་སྒུག་པ་ཚོ་ཡང་དོན་རྐྱེན་གློ་བུར་བ་དེས་ཧད་དུ་བཅུག་ཅིང་བཞི་མདོའི་འུར་སྒྲ་དག་ཀྱང་འཇམ་ཅག་གེར་བཏང་། མ་གཞིར་སྦག་སྦག་བཞོན་མཁན་ཨ་ཁུ་དེས་གློག་དམར་པོ་མ་བཀར་གོང་ལ་གཞུང་ལམ་བརྒལ་ནུས་འདོད་པ་ཡིན་སྲིད་མོད། གྲང་ངར་དང་ལྷགས་རླུང་གིས་བཟུང་བའི་མཐོ་སྒང་གི་དགུན་ཟླར་རྒྱ་ལམ་ཆུ་མོ་བཞིན་འཁེངས་ནས་རེངས་ཡོད་པ་བློ་ཡུལ་ཏུ་མ་གྱུར་པ་སྟེ། བརྡུང་གཏུག་ཁད་ཀྱི་སྐད་ཅིག་མར་ཁོང་གིས་སྦག་སྦག་གི་བསྒག་ཟྭ་གནོན་པའི་བཟོ་ཞིག་བསྟན་སོང་བ་འདྲ་མོད།  སྦག་སྦག་འདྲེད་ལ་ཤོར་ཏེ་ཨ་ཁུའི་མགོ་ན་ང་རྒྱལ་གྱིས་སྤུར་བའི་ཝ་ཞྭ་དེ་ཡང་གནམ་ལ་སྤུར་ནས་ས་རུ་ལྷུང་བ་ན། སྦག་སྦག་དང་ཨ་ཁུ་ཁོང་རླངས་འཁོར་འཁོར་ལོའི་འོག་ཏུ་བཙུད་ཚར་འདུག དེར་འདུས་ཡོངས་ཧད་པ་ལས་སངས་ཏེ་ཅ་ཅོ་དང་ཆོ་ངེ་མཉམ་དུ་སྒྲོག་གིན། བོད་པ་སྤྱི་ལ་ཐུན་མོང་དུ་ཡོད་པའི་བྱམས་སེམས་ཀྱིས་མ་གྲོས་གཅིག་མཐུན་ངང་མདུན་དུ་རྒྱུགས་ཏེ་རླངས་འཁོར་ཆུང་བའི་ནང་ན་བེམ་གཟུགས་སུ་གྱུར་པའི་ཁ་ལོ་བ་སྒོར་བླངས་ཤིང་། རླངས་འཁོར་ཡར་བཀྱག་ནས་འོག་གི་ཨ་ཁུ་ཚུར་བླངས་མོད་ཀྱི། བདག་ཅག་གི་ལག་ངོ་དང་ལུས་སྟེང་ལ་བབས་པའི་ཁྲག་གི་ཆར་བ་མཐོང་ཚེ་སྦག་སྦག་བཞོན་མཁན་ཨ་ཁུ་དེ་ཚེ་ལས་ཐར་བ་མེད་པ་རང་ཤུགས་སུ་ཚོར་ཡོང་། ཁོའི་རྣ་འགྲམ་ནས་ཆུ་སྦུག་བཀས་པ་ལྟར་རྒྱངས་སེ་ཤོར་བའི་ཁྲག་མིག་དེ་ད་ལྟ་ད་དུང་ཡང་བདག་གི་མིག་ལམ་ནས་ཡལ་ཐབས་མི་འདུག ཀྱེ་མ་ཀྱེ་ཧུད། སྐད་ཅིག་མ་དེར་མི་ཚང་ཞིག་གི་རེ་བའི་གཤོག་ཟུང་ཆད་ལ། གཞིས་ཀྱི་གདུང་མ་འགྱེལ་སོང་བ་རེད་ཨང་། 

ད་ལྟ་ང་རང་རླངས་འཁོར་ཁ་ལོ་བའི་སློབ་གྲྭ་ཞིག་གི་འགན་འཛིན་པར་གྱུར་ཡོད་ཅིང་། ཚེ་སྲོག་གསོན་པོ་ཞིག་གི་མར་མེ་འདི་ལྟར་བར་ཆད་རླུང་གིས་གཞོམ་པའི་གཏམ་རྒྱུད་དེ་བདག་གི་ཁ་ལོ་སློབ་སྦྱོང་བ་ཚོར་འཆག་མེད་དུ་གླེང་ཞིང་གླེང་མི་ཚར་བའི་གཏམ་རྒྱུད་དུ་གྱུར་ཡོད། དོན་དངོས་སུ་སྐར་ཆ་གསུམ་ལ་བྲེལ་བས་མི་ཚེའི་བྱ་བཞག་གང་ཞིག་ལ་གཞི་རྐང་འཇོག་མི་ཐུབ་ཅིང་། སྐར་ཆ་གསུམ་ལ་བྲེལ་བས་མ་འོངས་འཚོ་བ་གསར་བའི་ཁ་ཕྱོགས་རྙེད་མི་སྲིད་ནའང་། སྐར་ཆ་གསུམ་ལ་བྲེལ་བས་ཚེ་སྲོག་གི་མར་མེ་རླུང་གིས་གཟིམས་ནུས་པ་དང་། ཁྱིམ་ཚང་གཉིས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པ་འདི་རེད། འདི་ནི་སྤྱི་བའི་འདུ་ཤེས་ཀྱིས་བསྐྲུན་པའི་ན་ཟུག་ཤིག་དང་། ཁྲིམས་སྲོལ་སྣང་མེད་དུ་བཞག་པའི་གོད་ཆགས་ཤིག་ཀྱང་རེད། ད་ལྟ་བྱིས་སྐྱོང་ཁང་ནས་བཟུང་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་སྣ་མང་སློབ་ཀྱི་ཡོད་པ་འདི་ཡང་དགེ་བའི་ལས་ཡང་དག་ཅིག་སྟེ། གཞུང་ལམ་ཕར་ལ་འགྲོ་བའི་སྐབས།། གཡས་གཡོན་གཉིས་ལ་གསལ་པོར་ལྟོས།། གློག་དམར་སྡོད་ལ་གློག་ལྗང་བསྐྱོད།། གློག་སེར་སྐབས་སུ་ཅུང་ཙམ་སྒུག།  རླངས་འཁོར་མི་ལ་གཞོལ་བ་དང་།། མི་ཡིས་གློག་མིག་བལྟ་ཤེས་བྱོས།། སྐར་ཆ་གཅིག་གི་མགྱོགས་འགྲོས་ལས།། མི་ཚེ་གཅིག་གི་བདེ་འཇགས་གཅེས།། སོགས་ནི་སྤྱི་ལ་སྨན་པའི་གཏམ་དང་སྒེར་ལ་མཁོ་བའི་དོན་རེད།

   ལོ་མང་རྗེས་ཀྱི་ད་ལྟ་ཕྱིར་འདང་སློག་ན། འདས་པོ་ཁོང་རང་རླངས་འཁོར་དང་རྡུང་ཁ་བཀྱེས་པའི་སྐད་ཅིག་མ་དེར།  གློག་སེར་པོའི་ཉེན་བརྡ་ནང་བཞིན་མིག་ལམ་ལ་སེར་ལམ་མེར་སོང་ཡོད་དམ།  ཡང་ན། ཁྲག་དམར་གྱིས་སེམས་རྩ་དམར་ལོག་གེར་མནན་པ་ན། ནོངས་འགྱོད་ཨ་ཙ་མ་ཞིག་གིས་གློ་རྩ་ནག་རོག་གེར་བཏང་ཨེ་ཡོད་སྙམ་འོངས་ལ། ད་ལྟ་རང་ཉིད་རྐང་ཐང་དུ་འགྲོ་བའམ་ལྕགས་རྟ་ཞོན་པ། རླངས་འཁོར་བསྐོར་བ་ལ་སོགས་གང་ཡིན་ཀྱང་གློག་མདོག་བརྗེ་བའི་སྐད་ཅིག་མ་དེ་ལས་འགོངས་མ་མྱོང་། འདི་ཡང་རང་ཉིད་ལ་མཚོན་ན་རྐྱེན་ངན་དགེ་བའི་གྲོགས་སུ་གྱུར་པ་ཡིན་པས་ན།  འདས་པོ་དེ་ལ་ཡང་བསྐྱར་ཡི་གེའི་ལམ་ནས་རྗེས་དྲན་ཞུ་ཞོར་རང་ཉིད་ལ་ཉེན་བརྡ་ཞིག་ཀྱང་བཏང་བའོ། 

 

གྱེར་ཀློག་པ། ཟླ་བཟང་སྒྲོལ་མ། 

རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།

 རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང