སྐྱ་ཁྲ། མགོ་ལོག
རེ་ཞུ་མཁན་ནི་སྨད་ཕྱོགས་དཔའ་ལུང་ཡུལ་ནས་རེ་བ་དང་ཡིད་ཆེས་རུམ་གང་ཁྱེར་ཞིང་འཇོར་དང་ལྕགས་ཁེམ་བསྣམས་ཏེ་ཞོར་ལས་སུ་ཆས་སོང་། ལམ་བར་དུ་རྫ་དུག་དང་དབྱང་དབུགས་ཆད་མ་མཐུད་ཀྱི་ངང་ནས་རི་ཆུ་སྟོང་ཕྲག་བརྒལ་ཏེ་ཕྱིར་ལྡོག་མེད་པར་དམིགས་སའི་ཡུལ་དུ་མདའ་འཕངས་པ་བཞིན་ཆས་སོང་། ཁོའི་དམིགས་འདུན་གྱི་གཞུག་ན་མགོ་དཀྲིས་སྐྱ་སྨུག་བཏུམས་ཞིང་མཁུར་ཚོས་ལ་དཀར་ཤ་དམར་མདངས་ཆགས་པའི་ཆུང་མ་བློས་ཐུབ་ཅིག་དང་། སློབ་ལྭ་གཙང་མ་གྱོན་ཞིང་དཔེ་ཁུག་གསར་བ་འཁུར་བའི་བུ་དང་བུ་མོ་བཅས་ཀྱིས་རེ་ཞིང་བསྒུག་ཡོད།
སྤྱི་ཟླ་བཅུ་བ་ནི་རྨ་སྟོད་ལ་མཚོན་ན་ལོ་གཅིག་གི་ཨར་ལས་མཇུག་བསྡུ་བའི་དུས་ཚོད་ཡིན་ལ། རེ་ཞུ་མཁན་གྱི་ཕ་ཡུལ་དཔའ་ལུང་ལ་མཚོན་ནའང་འབྲུ་དྲུག་གི་ལོ་ལེགས་ཡོངས་སུ་བསྡུས་ཤིང་། ཞིང་ཁར་ལོ་རྗེས་མའི་རྨོ་འདེབས་ལ་ས་བོན་འཛུགས་པའི་ལས་འཕྲོ་དག་སྒྲུབ་བཞིན་པའི་དུས་ལ་ཁེལ་ཡོད་པར་མ་ཟད། བུད་མེད་དང་བྱིས་པ་དག་གིས་ཀྱང་ཕྱི་གྱར་ཡུལ་མི་དྲན་ཞིང་ངང་སྒུག་གི་དངན་པ་རིང་འཐེན་བྱེད་པའི་དུས་ཚོད་ཅིག་ཡིན་པས། མཚན་མོ་དེར་ཁོས་སྒོར་ཁུག་མཐུག་པོ་དེ་བྲང་ཁུག་ཏུ་དམ་པོར་བཅུག་ཅིང་། ཕྱིར་ལོག་པའི་བྲེལ་འཚུབ་མ་བཟོད་པར་རྨ་སྟོད་ཀྱི་སུམ་མདོ་ནས་ཟི་ལིང་ལ་འགྲོ་བའི་འཁོར་ནག་ཅིག་བཀག་སྟེ། སྒོར་བརྒྱ་ཐམ་པ་བྱིན་ནས་བྱ་འཕུར་བ་བཞིན་སྨད་ཕྱོགས་ཀྱི་ཕ་ཡུལ་དཔའ་ལུང་ཕྱོགས་སུ་རྒྱུག་སོང་།
ཁ་ལོ་བ་དང་ཁོ་གཉིས་ཁ་བརྡས་བཟི་བའི་བར་གླགས་ཞིག་ལ། གློ་བུར་དུ་གློག་འོད་ཡར་འཁྱུག་མར་འཁྱུག་གིས“ཙིར…ཐག”ཅེས་པའི་སྒྲ་ཙམ་ཐོས་པ་ལས་ཅི་བྱུང་གང་བྱུང་མི་ཤེས་པར་གྱུར་ཞིང་། བརྒྱལ་བ་ལས་སད་དུས་ཞིང་ཆེན་སྨན་ཁང་གཉིས་པའི་མལ་ཁྲི་ག་གེ་མོའི་སྟེང་དུ་དབུགས་མཐུད་བརྒྱབ་ཡོད་པ་ཚོར། དེ་དུས་རང་ཉིད་ཀྱི་མིག་ཟུང་དང་ཀླད་པའི་དྲན་ཤེས་སླར་གསོ་བྱུང་བ་ཙམ་ལས་ལུས་ཡོངས་རྫོགས་སྦྲིད་དེ། ན་ཟུག་ཆེ་ཞིང་འགུལ་སྐྱོད་ཅི་ཡང་མི་ཐུབ་པར་དུས་གཏན་དུ་སྦྲིད་འདུག སྦྲིད་འདུག་པའི་ཚོར་བ་དེ་ཁོ་རང་ཉིད་ལའང་ཤོད་དུ་མེད་དོ། །
ང་ཚོ་ལག་བསྟར་མི་སྣ་རེ་ཞུ་མཁན་ཚང་ལ་ཐོན་དུས། ཁོས་མལ་ཁྲིའི་སྟེང་དུ་ཁོག་སྟོད་འགུལ་ཞིང་ཁོག་སྨད་དྲུད་ནས་ང་ཚོར་ལག་བསྟར་བྱ་ཡུལ་གྱིས་ལག་བསྟར་སྒོར་མོ་ཁྲིམས་བཅད་ལྟར་མི་སྟེར་བ་དང་། ན་ཚ་ལ་དྲག་སྐྱེད་མེད་ན་ཆུང་མས་སྐྱུར་དོགས་ཡོད་པར་བཤད་བཞིན་མིག་ཀོང་ལས་མཆི་མ་ཤམ་ཤམ་དུ་བཞུར་ཡོང་། ཁོ་ནི་རྒྱ་ཁྱོན་དོག་པའི་མལ་ཁྲི་ལས་ཡར་འཕག་མར་ནུར་བྱེད་སླད་ནམ་མཁར་དཔྱངས་པའི་ཐག་པའི་འོག་ན་སྡོམ་བཞིན་སྡོད་ཚུལ་མཐོང་བ་ན། ང་ཚོས་བདེ་ཐང་ཞེས་པའི་རིན་ཐང་དེ་གསར་དུ་རྟོགས་ཤིང་། འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བླ་ལྷག་བྱུང་སྟེ། གཟབ་ནན་ངང་རླངས་འཁོར་བསྐོར་ཏེ་ལག་བསྟར་བྱ་ཡུལ་འཚོལ་དུ་སོང་བ་ཡིན། ང་ཚོས་ལག་བསྟར་བྱ་ཡུལ་རྙེད་དུས། ཁོས་སྒོར་བརྒྱ་ཐམ་པའི་ཆེད་དུ་སྒོར་ཁྲི་ཕྲག་མང་བོ་འཇལ་དགོས་བྱུང་བར་སྡུག་སྨྲེ་ལུང་བ་གང་བཏོན་བྱུང་། ང་ཚོས་བསམ་ཤེས་སྒོམ་ནས་ཁོའི་སྐད་ཆ་དེ་དག་ཚིག་ཐོར་ཕབ་ཅིང་། རེ་ཞུ་མཁན་གྱི་དཀའ་ཁག་དང་བཅའ་ཁྲིམས་ཟུང་འབྲེལ་གྱིས་ཁྲིམས་བཤད་གསལ་བོ་བྱས་པས། ཁོས་ཀྱང་བཟའ་འཁོན་བྱེད་ཞོར་དུ་ང་ཚོའི་ལག་ལ་སྒོར་ཁྲི་འགའ་འཇོག་དགོས་བྱུང་། ང་ཚོ་ཡང་བསྐྱར་རེ་ཞུ་མཁན་ཚང་ལ་སོང་ནས་ལག་བསྟར་སྒོར་མོ་དེ་ཁོའི་ལག་ཏུ་བཞག་པ་ན། བཟའ་ཟླ་གཉིས་ཀ་དགའ་ལྷང་ངེར་གྱུར་ཞིང་ང་ཚོར་བཀའ་དྲིན་ཡང་ཡང་ཞུས་བྱུང།
ལོ་རྗེས་མར་ལག་བསྟར་བྱ་ཡུལ་ཡང་བསྐྱར་ཚིག་ཐོག་ནས་མ་བསྡད་པས། ང་ཚོ་སླར་ཡང་ཁོ་ཚང་ལ་མི་འགྲོ་ཀ་མེད་བྱུང། ཐེངས་འདིར་ང་ཚོ་ཁོ་ཚང་ལ་ཐོན་དུས་སྔར་དང་མི་འདྲ་བར་ཁྱིམ་གྱི་གང་སར་འཁྱགས་ཤུར་ཤུར་གྱི་སྣང་བ་ཞིག་གིས་ཁྱབ་འདུག། རྒྱུས་ལོན་བྱུང་བ་ལྟར་ན། ཁོའི་ཆུང་མས་འགྲིམ་འགྲུལ་ཆག་སྒོ་འདིའི་ཁྲོད་དུ་ལུས་པོ་སྐྱོན་ཅན་དུ་གྱུར་པའི་ཁོ་དང་མལ་ཁྲི་ཆུང་ཆུང་འདི་གཉིས་མཉམ་དུ་བསྐྱུར་ནས་གནས་ལ་སོང་ཟིན་པས། ང་ཚོས་ཀྱང་གནས་ཚུལ་དེ་དག་ཡིག་ཐོག་དང་བརྙན་ལམ་དུ་ཕབ་རྗེས། ལག་བསྟར་བྱ་ཡུལ་ཀྱིས་རྒྱུ་ནོར་སྦས་སྐུང་དང་བསམ་བཞིན་ལག་བསྟར་ལ་གཡོལ་ན། ཁྲིམས་འཛིན་བཀག་སྐྱིལ་བྱ་རྒྱུའི་ཡི་གེ་ཆ་ཚང་གྲ་སྒྲིག་ཚགས་ཚུད་བྱས་ནས་ཕྱིར་ལོག་རྒྱུ་ལས་ཐབས་གཞན་མི་འདུག
ཏག་ཏག ས་སྲོད་དེར་ང་ཚོ་གཞི་ནས་ཁ་ཕྱིར་འཁོར་ཞིང་ཁ་པར་ལས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་བསྒྲགས་པའི“འགྲུལ་བཞུད་ལམ་སྟོན། སྐྱ་མོ་ལམ་ནས་ཁྱེད་ལ་ཁ་ཕྱོགས་སྟོན་མཁན། འགྲུལ་བཞུད་ལམ་སྟོན། …”ཞེས་པར་ཉན་བཞིན་མུན་རུབ་ཀྱང་མུ་མཐུད་དུ་ལག་བསྟར་བྱ་ཡུལ་དང་རྒྱུ་ནོར་གྱི་ཁོངས་སྣེ་ཡོད་སའི་ཡུལ་དངོས་འཚོལ་དུ་ཕྱིན་པ་ཡིན།
གྱེར་ཀློག་པ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།