ཕྱིར་དྲན་དང་ངོས་ཟིན།༼བསྡུས་རྩོམ།༽
2025.05.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

 གཅན་གླག་མིག  རྨ་ལྷོ།     

 ལོ་ཟླ་འགྲོས་ཀྱིས་ཕྱིན་པ་དང་དུས་བཞི་རེས་ཀྱིས་འཁོར་པ་དང་བསྟུན།   དོན་དག་གང་མང་ཞིག་བརྗེད་ངེས་རྐུན་པོས་འཁྱེར་ཏེ་གར་སོང་གི་རྗེས་མེད་པར་བཟོས་ཀྱི། དོན་དག་ལ་ལ་ཞིག་ནི་མི་བརྗེད་པའི་གཟུངས་ཐོབ་པ་ལས་མ་འདས་ཏེ།   དཔེར་ན།   ༢༠༠༩ལོའི་ཟླ་བརྒྱད་པའི་འགྲིམ་འགྲུལ་དོན་རྐྱེན་དེ་ལྟ་བུའོ། །

ཉིན་དེར་ངས་ཤ་ཉེ་ཞིག་བསྐྱལ་ཏེ་རྫོང་མཁར་ལ་སོང་བ་ཡིན།  ཏག་ཏག་ངེད་གཉིས་སྦག་སྦག་ལ་ཞོན་ནས་མདོ་བའི་དཀྱོག་ཆེན་ཞིག་བརྒྱུད་ནས་འགྲོ་དུས། མདུན་གྱི་རླངས་འཁོར་དེས་སྔོན་བརྡ་ཅི་ཡང་མ་བཏང་བར་གློ་བུར་དུ་གཡོན་ཕྱོགས་སུ་འཁོར་བས།  ཚུར་བྱ་འཕུར་བ་ལྟར་རྒྱུག་ཡོང་བའི་རླངས་འཁོར་ཞིག་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་འཁོར་བཀག་གནོན་ཞོར་གཡས་སྐོར་གཡོན་སྐོར་འགའ་བྱས་མཐར་ལམ་འགྲམ་གྱི་ཞིང་ནང་དུ་མཆོངས་སོང་། སྐབས་དེར། ངའི་ལྟག་རྒྱབ་ཀྱི་ཤ་ཉེ་དེ་སྐྲག་ཐག་ཆོད་དེ་གློ་རྡེག་ལ་སྦག་སྦག་ལས་ལྡིང་གྲབས་བྱས་པས། ངས་ཀྱང་སྦག་སྦག་ལ་ཁ་ལོ་སྒྱུར་མ་ཐུབ་པར་ཐང་ལ་འགྱེལ། ང་རང་སྐྱ་ཉིལ་ལེར་ཡར་ལངས་ཏེ་སྦག་སྦག་ཞོན་མ་གཏད་ཀྱིས་ལམ་འགྲམ་དུ་ཕྱིན་པའི་ཚེ།  ཤ་ཉེ་དེ་ཡང་གང་དེར་འབྱོར་སོང་།  དེ་ནས་ལམ་སང་རླངས་འཁོར་ནང་གི་མི་དེར་དོན་དག་བྱུང་ཡོད་མེད་ལ་ལྟ་རུ་འགྲོ་བསམ་སྟེ་མདུན་ཕྱོགས་སུ་གོམ་པ་འགའ་སྤོས་པའི་མོད་ལ། ཁ་ལོ་བ་དེ་རླངས་འཁོར་ལས་ཕྱིར་བུད་སྟབས་ངེད་གཉིས་ཀྱང་སེམས་བདེ་མོས་མུ་མཐུད་དུ་ལམ་ལ་ཆས་པ་ཡིན།

རྫོང་མཁར་དུ་འབྱོར་རྗེས། ཤ་ཉེ་དེས་ང་ལ་བཀའ་དྲིན་ཞུ་ཆེད་ཟ་ཁང་ཞིག་ཏུ་ཟ་མ་ཟ་རུ་སོང་། ཟ་མ་ཟ་དུས་ངས་ད་གཟོད་ཁོའི་ཐུར་མ་བཟུང་བའི་ལག་པ་འདར་གྱིན་པ་གསལ་པོར་མཐོང་ཞིང་། མདུན་ཐད་ཀྱི་ཇ་ཕོར་ནང་གི་ཇ་ད་དུང་ལྟེམས་མེར་འཁྱིལ་འདུག་པ་མཐོང་།  ངས་སེམས་གསོ་གང་མང་བྱས་པར་བརྟེན། ཁོ་ཡང་ག་ལེར་ལྷོད་ལ་བབས་ཏེ་ཟ་མ་ཟོས་བྱུང་། ཟ་མ་ཟོས་རྗེས་ངས་ཁོས་བྱིན་པའི་སྒོར་ལྔ་བཅུ་སྤྱད་དེ་སྦག་སྦག་ནང་ལ་སྣུམ་བླུགས་རྗེས་བྱ་འཕུར་བ་ལྟར་རང་ཡུལ་ལ་ལོག་པ་ཡིན། 

ང་རང་སྦག་སྦག་ལས་བབས་མ་ཐག། ཨ་མས་དངངས་འཚབ་ཀྱིས“ཁྱོད་ཀྱི་པུས་མོར་ཅི་བྱུང་སོང”ཟེར། ངས་ཅི་ཡིན་འདི་ཡིན་མ་ཤེས་པར་རང་གི་པུས་མོ་ལ་མིག་ཉུལ་ཞིག་བྱས་པ་ན། མ་གཞི་གཡས་རྐང་གི་པུས་མོའི་འཕང་ལོ་དམར་ལོག་གེར་གྱུར་འདུག་ཅིང་། དེའི་སྟེང་དུ་ཁྲག་དམར་དཀགས་ཏེ་སྲ་མོར་གྱུར་འདུག་མོད། ངའི་བསམ་པར་རྨ་ཤུལ་ལ་གཙང་སྦྲ་ཞིག་བྱས་པས་འཐུས་སྙམ་ནས་དེ་འདྲ་དང་དོད་ཆེན་པོ་མ་བྱས།  བློ་ཡུལ་ལས་འདས་པ་ཞིག་ལ།  སློབ་གྲྭ་ཚོགས་དུས་ང་རང་གྱོལ་གྱིན་མི་འགྲོ་ཀ་མེད་བྱུང་སོང་བས།  དེ་ནས་བཟུང་སྟེ་ང་ནི་རང་སྡེ་བའི་ན་གཞོན་དག་གི་ཁྲོད་ནས་སྦག་སྦག་གི་འགྲོས་ཆེས་དལ་བ་དེར་གྱུར་སོང་།

སྤྱིར་ལམ་ནི་ཕར་འགྲོ་ཚུར་འོང་ལ་སྟབས་བདེ་བའི་ཆེད་དུ་ལས་ཤིང་། འདིས་མི་རྣམས་ཀྱིས་གང་བརྩམ་གྱི་དོན་འཁྱོལ་ཅིང་ཅི་བསམ་གྱི་ལས་འགྲུབ་པར་གཞོགས་འདེགས་མི་དམན་པ་བྱས་ཡོད། ཅི་སྟེ། མི་རྣམས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ལ་སློབ་སྦྱོང་དང་རྒྱུས་ལོན། དོ་སྣང་དང་གཙིགས་ཆེན་བཅས་བྱས་ཡོད་ཚེ། དུས་བདེ་ཞོད་འཇགས་དང་མི་དགའ་ལྷ་དགའ། ཆུ་བདེ་ཉ་སྐྱིད་ཀྱི་དུས་ཤིག་འཆར་ངེས་ཏེ། སྐབས་དེར་ཐོན་ན། འགྲིམ་འགྲུལ་ཉེན་རྟོག་པའི་འཚོ་བ་རང་བཞིན་གྱིས་བདེ་ཞིང་སྐྱིད་པར་འགྱུར་ལ།  རླངས་འཁོར་ཁ་ལོ་བའི་འགྲོ་གྲོན་ཀྱང་རང་བཞིན་གྱིས་ཇེ་ཉུང་དུ་འགྱུར་ངེས། མ་ཟད། མི་ཟོག་གི་ཚེ་སྲོག་ཀྱང་རང་བཞིན་གྱིས་ཇེ་རིང་དུ་འགྱུར་ཅི་ལ་མི་སྲིད། དེ་བས། བདེ་འཇགས་ནི་ད་གཟོད་འཕྲལ་ཡུན་ཀུན་ལ་ཕན་པ་དང་།  འདི་ཕྱི་གཉིས་ལ་དགེ་བ།  རང་གཞན་ཡོངས་ལ་སྨན་པ་ཁོ་ནར་ཟད་པས།  གང་དུ་བདེ་འཇགས་ཡོད་ན་དེ་རུ་ཚེ་སྲོག་གི་མཛེས་སྡུག་མཐོང་སྲིད་ཅིང་། གང་དུ་ཚེ་སྲོག་ཡོད་ན་དེ་རུ་བདེ་སྐྱིད་ཀྱི་གླུ་སྒྲ་ཐོས་སྲིད་ལ། གང་དུ་བདེ་སྐྱིད་ཡོད་ན་དེ་རུ་འཕེལ་རྒྱས་ཀྱི་གོམ་འགྲོས་བརྟན་ངེས་སོ།   


གྱེར་ཀློག་པ། སྟོབས་ལྡན་རྒྱལ། 

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

 རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།