འབྲུག་སེང་རྒྱལ། སི་ཁྲོན།
ཉིས་སྟོང་བཅུ་དྲུག་ལོའི་དཔྱིད་ཟླ་མཐའ་མའི་ཞོགས་པ་ཞིག་ལ། ང་རང་ཟི་ལིང་ལ་མགྱོགས་པོར་སླེབས་ཆེད་ཉིན་དེའི་རེས་འཁོར་ལ་མ་བསྡད་པར་སྒེར་གྱི་རླངས་འཁོར་ཆུང་ངུ་ཞིག་བཀག་སྟེ་ཙོང་ཁའི་ཕྱོགས་སུ་ཆས་པ་ཡིན། ང་རང་སྡོད་སའི་རྫོང་མཁར་ནས་སྤྱི་ལེ་བཅུ་ཙམ་སོང་ན་འབའ་ཐང་ལུ་གུ་རྩེད་ཐང་ལ་འབྱོར་ཞིང་། དེ་རུ་གནག་སྣུམ་གྱི་གཞུང་ལམ་དེའང་དཀྱོགས་མང་པོ་མེད་པར་དྲང་ཤུར་སེར་ཤར་ཕྱོགས་ཀྱི་ཐང་ཆེན་ངོས་སུ་འཐེན་ཡོད། རྒྱུན་པར་ལམ་ཁ་འདིར་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ཧ་ཅང་མང་མོད། ཉིན་དེར་དུས་ཚོད་ད་དུང་སྔ་བས་ཡིན་ནམ་ཅི། གཞུང་ལམ་དེ་ཧ་ཅང་དལ་ཅག་གེར་འདུག
མཚམས་ཤིག་ལ། མིག་གིས་ཟིན་མཚམས་ཀྱི་གཞུང་ལམ་དེའི་མཁའ་དབྱིངས་ན་ས་རྡུལ་ཞིག་འཕྱུར་འོང་བ་མཐོང་བྱུང་། ངས་ཁ་ལོ་བར་དཔྱིད་ཟླ་ཞིག་ལ་ས་རྡུལ་འཕྱུར་རྒྱུ་ཡོད་དམ་ཞེས་བསམ་བློ་མ་བཏང་བར་སྐད་ཆ་དྲིས་པའི་མཚམས་དེར། མདུན་གྱི་ལམ་འགྲམ་ན་ནག་རོག་གེར་དངོས་པོ་ཞིག་ཡོད་པ་མཐོང་བྱུང་། ངས་ཁ་ལོ་བར་དལ་མོ་བྱོས། དལ་མོ་བྱོས། རླངས་འཁོར་ཞིག་འགྱེལ་སོང་བ་མིན་ནམ་ཞེས་བཤད་མ་ཐག ཁོས་ཀྱང་མགྱོགས་ཚད་ཇེ་དལ་དུ་བཏང་སྟེ་ལམ་འགྲམ་དུ་བསྡད་བྱུང་། ངེད་གཉིས་ཀྱིས་བྲེལ་འཚུབ་ངང་ཤེལ་སྒོ་མར་ཕྱེས་ནས་བལྟས་ཚེ། ལམ་འགྲམ་ན་རླངས་འཁོར་ཅིག་གན་རྐྱལ་དུ་འགྱེལ་འདུག བུད་མེད་ཅིག་འཇིགས་རུང་གཅན་གཟན་ལ་འཕྲད་པ་ནང་བཞིན་ལུས་པོ་འདར་གྱིན་བྱིས་པ་ཆེ་ཆུང་མཉམ་པ་གཉིས་གཡས་གཡོན་དང་ཟླ་འགའ་ལས་འགོར་མེད་པའི་བྱིས་པ་ཞིག་པང་དུ་བཟུང་སྟེ་ཙོག་པུར་བསྡོད་ཅིང་། ས་རུ་འགྱེལ་བའི་རླངས་འཁོར་གྱི་མཐའ་ན་སྐྱེས་པ་ཞིག་ལག་སྨྱོན་མགོ་ལ་རྡོ་བས་བསྣུན་པ་བཞིན་ངག་ནས་སྨྲ་བ་ཅི་ཡང་མེད་པར་སྐོར་རྒྱུག་བྱེད་ཀྱིན་འདུག
ངེད་གཉིས་ཡུལ་དངོས་དེར་སླེབས་མཁན་ཐོག་མ་ཆགས་འདུག་པས། དེ་མ་ཐག་རླངས་འཁོར་ལས་ཤར་མར་བབས་ཏེ་ཁོ་ཚོའི་ཕྱོགས་སུ་རྒྱུགས་པ་ཡིན། ཅུང་ཙམ་ནས་ཕར་འགྲོ་ཚུར་འོང་གི་ལམ་འགྲོ་བའང་མང་པོ་སླེབས་བྱུང་། མི་མང་པོས་སྐྱེས་པ་དེར་འདི་འདྲའི་ལམ་ཡག་ས་དྲང་ས་ཞིག་ནས་ཁྱོད་ལ་ཅི་བྱུང་སོང་ངམ་ཞེས་འདྲི་དུས། ཁོས་ལན་དུ་མདང་དགོང་ཁྱིམ་ནས་གཉིད་ཐུན་ཙམ་ཡང་མ་བླངས་པར་དུས་ཚོད་གསུམ་གྱི་སྟེང་ལམ་ལ་ཆས་ཤིང་། ང་ཚོའི་རྫོང་ཁོངས་ཀྱི་ལམ་མི་བདེ་བས་རྣམ་རིག་སྒྲིམ་སྒྲིམ་ནས་ལམ་བདེ་ས་འདིར་འབྱོར་བ་ན། སེམས་ལྷོད་ལྷོད་བྱས་པས་གཉིད་ཀྱི་དབང་དུ་གྱུར་པ་རེད་ཟེར།
མི་མང་གི་རོགས་རམ་ལ་བརྟེན་ནས་ས་ལ་གན་རྐྱལ་དུ་འགྱེལ་པའི་རླངས་འཁོར་དེ་ཡར་བསླངས་པ་ན། འདུག་སྟེགས་ལྔ་ལས་མེད་པའི་རླངས་འཁོར་ཆུང་བ་དེའི་ནང་དུ་ལོ་བརྒྱད་ཅུར་སོན་པའི་རྒན་མོ་གཉིས་དང་རྒན་པོ་གཅིག་བཅས་ཁྱོན་མི་ཆེ་ཆུང་བརྒྱད་འདུག་ཅིང་། དེ་ལས་ཀྱང་རྒན་མོ་དེ་གཉིས་གློ་བུར་བའི་སྐད་ཅིག་མ་དེའི་གཞན་དབང་དུ་གྱུར་ཏེ། ཉིན་དེ་ནས་བཟུང་འཇིག་རྟེན་འདི་དང་གཉེན་ཉེ་ཚོར་ཁ་གྱེས་ནས་གཏན་དུ་གཉིད་སོང་། སྐྱེས་པ་དེའི་བཞིན་ལ་ཤར་པའི་འཇིགས་སྐྲག་དང་སྐྱོ་ཉམས་ཀྱིས་གནམ་གཤིས་ཧ་ཅང་དྭངས་པའི་ཞོགས་པ་དེའི་མཁའ་དབུགས་ཡོངས་སུ་བསྒྱུར་ཞིང་། ཤི་གསོན་གཉིས་ཀྱི་བར་ན་གནས་པའི་བྱིས་པ་ཆུང་ཆུང་གསུམ་པོའི་མགོ་ལ་ཡང་སྨྲ་བར་མི་ནུས་པའི་འཇིགས་སྐྲག་དམར་པོ་ཞིག་ཤར་ཡོད།
ང་རང་ལོ་ཚོད་ཆེ་རུ་ཕྱིན་ཡོད་ནའང་། འདི་ལྟ་བུའི་དངོས་ཡོད་ལ་ཐེངས་དང་པོར་འཕྲད་པ་ཡིན་པས། བདུན་ཕྲག་གཅིག་གི་རིང་ལ་ཟ་མ་བཟའ་བའི་ཡི་གའང་མེད་པར་མིག་ལམ་དུ་ཡལ་ཐབས་མེད་པ་ནི་ཆེས་མཐའ་མཇུག་གི་དབུགས་རྟ་རྔ་ཙམ་ལ་ཁེན་པའི་རྒན་མོ་དེ་གཉིས་ཀྱི་ངོ་གདོང་དང་། འདུག་སྟེགས་ཕལ་བའི་སྟེང་གི་དོན་དག་ཅི་ཞིག་བྱུང་བའང་མ་ཚོར་བ་ལྟ་བུའི་རྒན་པོ་དེ་རེད། དེ་བས། རྒྱུན་པར་རླངས་འཁོར་བསྐོར་ནས་ལམ་ཁ་འདི་བརྒྱུད་སྐབས་སུ། འདས་ཟིན་པའི་དོན་རྐྱེན་དེ་ནི་རང་ཉིད་ཀྱིས་དངོས་སུ་ཕབ་སྐྲུན་བྱས་ཟིན་པའི་གློག་བརྙན་ཞིག་ལ་ཡང་ལྟ་བསྐྱར་ལྟ་བྱེད་པ་ནང་བཞིན་ཁ་ཚང་དོན་འགྲིག་ཅིག་ཡིད་ལ་ཤར་འོང་སྟེ། གསེར་གྱི་འཁོར་ལོ་ལག་ན་ཡོད་ཀྱང་། གཤིན་རྗེའི་དོང་ཁར་རྐང་བ་བསྲིངས་ཡོད་ཅེས་པའི་བཤད་རྒྱུན་ནང་བཞིན། ང་ཚོས་ནམ་ཡང་མགྱོགས་ཚད་རན་པའི་སྒོ་ནས་རླངས་འཁོར་གཏོང་རྒྱུ་དེ་ཧ་ཅང་གལ་ཆེ་བའི་ངེས་ཤེས་སྐྱེས་ཡོང་ངོ་། །