ཚེ་སྲོག་གི་འགྲུལ་བཞུད་ཁྲོད་དུ།༼བསྡུས་རྩོམ།༽
2025.05.17 ཁུངས། ཀློག་གྲངས། 0

འོད་འཆང་། ལན་ཀྲུ།

ལོ་ཟླའི་ཆུ་རྒྱུན་རིང་མོའི་བར་གསེང་ཀུན་ཏུ། འགྲིམ་འགྲུལ་བདེ་འཇགས་ནི་སྙན་ཞིང་འཇེབས་པའི་དབྱངས་རྟ་ཞིག་དང་འདྲ་བར་ང་ཚོའི་འཚོ་བའི་འགྱུར་ཁུག་རེ་རེར་འདྲེས་ཡོད་པས། དེ་ནི་སྒྲིག་སྲོལ་ལམ་ལུགས་སླ་མོ་ཞིག་མིན་པར་ཚེ་སྲོག་དང་འབྲེལ་བ་ཡོད་པའི་གཟབ་ནན་གྱི་དམ་བཅའ་ཞིག་ལགས་ཏེ། ཉི་ཟླ་རེས་མོས་ཀྱི་འཁོར་སྐྱོད་ཁྲོད་དུ་ཞོགས་པའི་སྐྱ་རེངས་དལ་མོར་ས་གཞིའི་སྟེང་དུ་འཕྲོས་པ་ནས་མཚན་གུང་གི་སྐར་ཚོགས་ལམ་ལམ་འཚེར་བའི་བར་དུ། གཞུང་ལམ་དང་སྲང་ལམ་གང་སར་རླངས་འཁོར་ཆུ་རྒྱུན་དང་འདྲ་བར་མི་རྣམས་ཀྱི་བྲེལ་འཚུབ་དང་འཁོར་འགུལ་གྱི་འཚོ་བའི་གོམ་སྟབས་མཉམ་དཀྲོལ་བྱེད་པས་ན། རྒྱལ་ཁབ་གང་དེའི་སྤྱི་ཚོགས་དང་མི་དམངས་ཀྱི་འཚོ་བ་འཕེལ་རྒྱས་སུ་འགྲོ་བར་ཆུ་གློག་ལམ་གསུམ་གྱི་ཐད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཆེས་མེད་དུ་མི་རུང་བའི་མ་མཐའི་འཚོ་བའི་ཆ་རྐྱེན་རེད།

དེང་གི་ཚན་རྩལ་གྱི་རྦ་རླབས་དྲག་ཏུ་འཕྱུར་བའི་དུས་འདིར།    སྔོན་གྱི་ཉག་ཕྲ་བའི་རྐང་ལམ་ཕྲ་མོ་དེ་དག་ཀྱང་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་སོང་ཡོད་པ་ནི་ང་ཚོའི་མིག་མདུན་དུ་ལྷག་ཡོད་ཅིང་།   དེ་དང་བསྟུན་ནས་འགྲིམ་འགྲུལ་ཡོ་བྱད་ཀྱང་རྣམ་པ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་པས།  ག་ས་གང་དུ་མི་ཚོགས་དང་རླངས་འཁོར་འཚང་ཁ་ཤིག་ཤིག་གིས་གནས་ཤིང་།  འགྲིམ་འགྲུལ་ཡོ་བྱད་སྣ་མང་ཅན་ཏུ་འཕེལ་བ་དེས་ང་ཚོའི་འཚོ་བ་ལ་སྟབས་བདེ་མི་ཉུང་པ་ཞིག་བསྐྲུན་ཡོད་ལ། དེ་ལས་ལྡོག་སྟེ་མིའི་ཚེ་སྲོག་མང་པོ་ཞིག་འགྲིམ་འགྲུལ་དོན་རྐྱེན་ཁྲོད་ན་འཆོར་བཞིན་པའང་མིག་མཐོང་ལག་ཟིན་དུ་གནས་པས། འགྲིམ་འགྲུལ་དོན་རྐྱེན་རེ་རེ་ནི་ཚེ་སྲོག་གི་གླུ་སྒྲའི་ཁྲོད་ཀྱི་འཆམ་མཐུན་མིན་པའི་སྒྲ་ཞིག་ཡིན་ཏེ། ཆག་གྲུམ་ཤོར་བའི་རླངས་འཁོར་དང་རྨས་མའི་འཁུན་སྒྲ། གཉེན་ཉེའི་མིག་ཆུ་སོགས་ཀྱིས་མི་སེམས་སྐྱོ་རུ་འཇུག་པའི་རི་མོ་ཞིག་འགྲུབ་པར་བྱེད་ཅིང་། སྐྱོ་གར་འཁྲབ་གཞུང་འདི་དག་ལ་གཡོལ་ཆེད་དུ་ང་ཚོས་གཟབ་ནན་མང་ཙམ་དང་རང་གཅུན་མང་ཙམ་བྱེད་དགོས།

གྲོང་ཁྱེར་གྱི་འུར་སྒྲ་དང་གྲོང་གསེབ་ཀྱི་ལྷིང་འཇགས་བར་དུ་གཟུགས་མེད་ཀྱི་འབྲེལ་ཐག་གལ་ཆེན་ཞིག་ཡོད་པ་ནི་འགྲིམ་འགྲུལ་བདེ་འཇགས་ཡིན། གཞུང་ལམ་ནི་ས་གཞིའི་འཕར་རྩ་དང་འདྲ་བར་རེ་བ་དང་ཕུགས་བསམ་ཐེག་ཡོད་མོད། འོན་ཀྱང་མྱུར་ཚད་ལས་བརྒལ་བ་དང་། ཚད་བརྒལ་གྱིས་མི་སྐྱེལ་འདྲེན་བྱེད་པ། ངལ་དུབ་ཀྱིས་མནར་བ། སྐྱོབ་ཐག་མི་རྒྱག་པ། ཆང་རག་བཏུང་རྗེས་རླངས་འཁོར་གཏོང་བ།  རྣ་ཉན་ནང་གི་དབྱངས་རྟའི་སྒྲ་ཆེ་བ། རླངས་འཁོར་སྐོར་དུས་ཁ་པར་ལ་ལྟ་བ་སོགས་ཉེན་ཁ་ཆེ་བའི་སྤྱོད་ངན་དེ་དག་ཁྲག་རྩའི་སྦུབས་སུ་རྒྱུ་བའི་ནད་དུག་རེ་རེ་དང་འདྲ་བར།  དུས་དང་རྣམ་པ་ཀུན་ཏུ་ཚེ་སྲོག་གི་བགྲོད་ལམ་འགག་པར་སྲིད་ལ། གཟུགས་མེད་ཀྱི་འབར་མདེལ་ཞིག་དང་འདྲ་བར་མི་རེ་རེའི་ཚེ་སྲོག་གི་བདེ་འཇགས་ལ་འཇིགས་སྣང་སྐུལ་བཞིན་ཡོད་དེ། གནད་དོན་འདི་རིགས་ནི་མི་མང་པོ་ཞིག་ལ་རང་སྲུང་གི་འདུ་ཤེས་ཞན་པའམ། དེང་གི་གཞུང་ལམ་ཁོད་ཡངས་ཤིང་རྒྱ་ཆེ་བས་རླངས་འཁོར་ཁ་ལོ་བས《འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སྣང་མེད་དུ་བཞག་ནས་རང་ཉིད་ཀྱིས་རང་གཞན་གཉིས་ཀྱི་ཚེ་སྲོག་སྣང་མེད་བཏང་པའི་བྱ་སྤྱོད་ལས་མ་འདས་ལ།  འགྲིམ་འགྲུལ་དོན་རྐྱེན་གྱིས་ཆག་གྲུམ་ཤོར་བའི་ཁྱིམ་ཚང་དེ་དག་ལ་ཕྱིར་དྲན་བྱས་ན་མིག་ཆུ་དང་འགྱོད་གདུང་། གཉེན་ཉེ་མེད་པར་གྱུར་པའི་སྡུག་བསྔལ་ནི་ནམ་ཡང་སོས་ཐབས་མེད་པའི་རྨ་ཁ་དང་འདྲ་བར་སེམས་ལ་ཟུག་གཟེར་སློང་བར་བྱེད།

ངའི་དྲན་པའི་མེ་ལོང་ངོས་ན་ནམ་ཡང་ཡལ་ཐབས་མེད་པ་ཞིག་ནི། ཉིན་ཞིག་ང་རང་ངའི་ཕུ་བོ་ཞིག་དང་ལྷན་དུ་ཁོའི་འཕྲུལ་རྟའི་འཕོངས་ལ་ཞོན་ནས་རྫོང་ཐོག་ལ་སོང་བ་དང་།  རྫོང་ཐོག་གི་ལམ་སུམ་མདོ་ཞིག་ཏུ་ཐོན་དུས་ངེད་གཉིས་ཀྱི་འགྲོ་ལམ་དུ་གློག་དམར་བཀར་ཡོད་པ་རེད།  སྤྱིར་གློག་ལྗང་བཀར་རྗེས་ད་གཟོད་མདུན་དུ་བསྐྱོད་ན་འགྲིག་མོད།   ཁོས་ཐེ་ཚོམ་སྤུ་ཙམ་ཡང་མི་བྱེད་པར་གློག་དམར་བརྒལ་བའི་བྱ་སྤྱོད་དེས་ངའི་སེམས་ལ་འཇིགས་སྣང་དང་སྐྱོ་སྣང་ཅིག་ཅར་སྦྱིན་ཞིང་།  སྒྲིག་འགལ་བྱེད་ཐེངས་རེ་རེ་ནི་ཚེ་སྲོག་གི་ཉེན་ཁ་བརྒྱུད་པ་དང་སྒྲིག་སྲོལ་ལ་རྡོག་བརྫིས་གཏོང་བ་ཞིག་ཅི་ལ་མིན་ཨང་སྙམ་མོད། སྟབས་ལེགས་པ་ཞིག་ལ་ཚད་ལྡན་མིན་པའི་བྱ་སྤྱོད་དེས་ངེད་གཉིས་ཀྱི་ཚེ་སྲོག་ལ་གནོད་པ་གང་ཡང་མ་བྱུང་ནའང་།  གལ་ཏེ་མི་མང་པོ་ཞིག་གིས་འདི་འདྲའི་གོམ་གཤིས་ངན་པ་རྒྱུན་འབྱམས་སུ་བཏང་ན་མི་མང་པོ་ཞིག་གི་ཚེ་སྲོག་ཀྱང་འགྲིམ་འགྲུལ་དོན་རྐྱེན་གྱི་ཁྲོད་ནས་མཇུག་རྫོགས་དགོས་པ་ནི་སྨྲས་མ་དགོས་ཤིང་། དོན་དུ་ཡུན་ཐུང་གི་གློག་དམར་དེ་ནི་བྲེལ་འཚུབ་ཀྱི་ཚོད་འཛིན་ཞིག་ཡིན་ཏེ།  བྲེལ་འཚུབ་ཀྱི་སེམས་ཁམས་ཅུང་ཙམ་ལྷིང་འཇགས་ཡོང་བའི་ཆེད་དུའང་ཡིན་པར་མ་ཟད། འོད་གསལ་གྱི་གློག་ལྗང་དེ་ནི་མདུན་སྐྱོད་ཀྱི་མཛུབ་སྟོན་དང་བདེ་འཇགས་ཀྱི་ཤར་བགྲོད་བརྡ་རྟགས་ཤིག་ཡིན་ལ། དེའི་ཐོག་ནས་སྤྱི་ཚོགས་ཀྱི་ཤེས་དཔལ་དང་ཁ་ལོ་བའི་བྱང་ཚད་ཀྱང་མཚོན་གྱིན་ཡོད།

སྔོན་ཆད་ངས་ཨ་ཕྱིའི་ངག་ནས་དུས་རྒྱུན་བསླབ་བྱ་ཞིག་ཐོས་ཐུབ་སྟེ།  “ལམ་གྱི་དཀྱོག་བརྒྱུད་དུས། སེམས་ནས་ནམ་ཡང་དཀྱོག་གི་ཕ་རོལ་ན་རླངས་འཁོར་ཞིག་ཡོང་བཞིན་ཡོད་ངེས་པའི་འདུ་ཤེས་འདོར་མི་ཉན”ཞེས་པ་དེའོ། །   མོས་གྲོང་ཁྱེར་ཆེན་པོའི་ནང་གི་གློག་དམར་དང་གློག་ལྗང་། མི་བགྲོད་ལམ་སོགས་མི་ཤེས་ནའང་། འགྲིམ་འགྲུལ་དོན་རྐྱེན་ལ་གཟབ་གཟབ་བྱེད་དགོས་པའི་འདུ་ཤེས་གསལ་བོ་ཞིག་ཆགས་ཡོད།

འོ་ན།  ང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་ཇི་ལྟར་བྱས་ན་ལེགས་སམ་ཞེ་ན།   ང་ཚོས་ཐོག་མར་རང་ཉིད་ནས་མགོ་བརྩམས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ངན་པར་དག་ཐེར་དང་བཅོས་སྒྱུར་བྱས་ཏེ། ཉེན་རྟོག་པར་གཞོགས་འདེགས་ཀྱིས་རང་སྲུང་གི་འདུ་ཤེས་མཐོ་རུ་བཏང་ནས་འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་སྒོས་འགྲོ་རན་དུས་འགྲོ་བ་དང་འདུག་དགོས་དུས་འདུག་དགོས་པར་མ་ཟད། གཞུང་ལམ་གྱི་ཕྱོགས་སྟོན་རྒྱུན་ཤེས་སོགས་ལ་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

མདོར་ན། ང་ཚོས《འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ནན་གྱིས་སློབ་སྦྱོང་བྱས་ཏེ་འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་བྱེད་པ་ནི་དོན་དམ་དུ་རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་སྲུང་བྱས་པ་ཡིན་པས་ན། རིན་བྲལ་གྱི་ནོར་བུ་དང་མཚུངས་པའི་མི་ཚེའི་འགྲུལ་བཞུད་ཁྲོད་དུ་བདེ་འཇགས་ཀྱི་ལམ་བུ་དང་བདེ་སྐྱིད་ཀྱི་གཞིས་ཁྱིམ་ཞིག་བསྐྲུན་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པར་མ་ཟད། འགྲིམ་འགྲུལ་བདེ་འཇགས་དེ་ནི་ང་ཚོའི་སེམས་ནང་གི་རྟག་བརྟན་གྱི་སྒྲོན་སྟེགས་ལྟ་བུར་ངོས་བཟུང་སྟེ། ང་ཚོ་མདུན་སྐྱོད་ཀྱི་ལམ་བུར་འོད་སྣང་སྦྱིན་པ་དང་ཚེ་སྲོག་གི་གླུ་དབྱངས་དེ་ཞི་མཐུན་གྱི་འགྱུར་ཁུག་ཁྲོད་ནམ་ཡང་སྙན་འཇེབས་ལྡན་པ་དང་ཚེ་སྲོག་གི་མེ་ཏོག་ནམ་ཡང་མཚར་སྡུག་ལྡན་པར་བྱེད་དགོས་སོ། །


གྱེར་ཀློག་པ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རོལ་མོ་སྒྲིག་སྦྱོར། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ། སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།