ཉག་ཕྲན། (ཟི་ལིང་།)
མཚོ་བོད་མཐོ་སྒང་གི་གཞུང་ལམ་ནི་རྒྱུན་ལྡན་གྱི་ལམ་ལྟར་ཁོད་ཡངས་པའི་ས་གཞིའི་སྟེང་དུ་རྒྱང་ལ་འཐེན་ཡོད་ཅིང་། དེ་ནི་དྭངས་གཙང་གི་ཁ་བཏགས་རེ་རེ་དང་འདྲ་བར་མུ་མཐའ་མེད་པའི་རི་ཚོགས་ཀྱི་བར་དུ་བསྲིངས་ཡོད། དེ་ལས་ཀྱང་མང་ཤོས་གཡང་གཟར་གྱི་ངོས་སུ་འཁྱུད་ཅིང་སྨུག་སྤྲིན་གྱི་གསེང་དུ་འཐེན་ཡོད་པས། གནས་འདིའི་དཀྱོག་ལམ་རེ་རེ་ཚེ་སྲོག་གཞན་ཞིག་མཇུག་སྒྲིལ་གནས་ཤིག་ཏུ་འགྱུར་ཡང་སྲིད།
མུན་ནག་པའི་མཚན་མོ་ཞིག་ལ། རི་སྒང་དུ་འཕྲེད་ཀྱིས་འཐེན་པའི་གཞུང་ལམ་ཞིག་གི་དཀྱོག་མཚམས་སུ་རྐང་གསུམ་འཁོར་ལོ་ཞིག་ཁ་སྦུབ་ཏུ་ལོག་འདུག དེ་ནི་འདི་ནས་ཡར་ལ་བརྩིས་པའི་མི་ལོ་དགུ་ཡི་སྔོན་གྱི་དབྱར་གཞུང་གི་མཚན་མོ་ཞིག་རེད་ལ། ང་རང་དབྱར་གནང་མ་བྱིན་པའི་སྔོན་གྱི་མཚན་མོ་ཞིག་ཀྱང་རེད། མཚན་མོ་དེར་མངལ་སྦྲུམ་པའི་ཨ་མའི་ཕོ་བར་གཟེར་བརྒྱབ་སྟེ་བྱིས་པ་བཙའ་བའི་རྟགས་བསྟན་པས། ཨ་ཕ་དང་ཨ་ཁུ་གཉིས་ཀྱིས་ཨ་མ་ཁྱེར་ནས་ཁུལ་མི་དམངས་སྨན་ཁང་དུ་སོང་། རླངས་འཁོར་རི་སྒང་གི་གཞུང་ལམ་འཁྱོག་པོ་དེ་བརྒྱུད་ནས་མར་འབབ་དུས་སུ། རྐང་གསུམ་འཁོར་ལོ་ཞིག་དེ་གར་འགྱེལ་ཞིང་ལྷུ་ལག་ཐམས་ཅད་ཀྱང་སོ་སོར་འཐོར་འདུག་ལ། ཝུ་ཆང་གི་ཤེལ་དམ་ཆག་པོ་གང་སར་ཁྱབ་འདུག དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ནི་ལམ་གྱི་གཞོགས་ཤིག་ཏུ་ཁྲག་གིས་སྦགས་པའི་བེམ་པོ་གཉིས་ཡོད་པ་མཐོང་། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཟེར་བ་ལྟར། འདས་པོ་གཉིས་ལས་གཅིག་ནི་ངའི་ཞང་པོ་ཡིན་པ་ངོས་ཟིན་ཀྱང་ཨ་མའི་མངལ་ཤོར་བར་དོགས་ནས་གསང་རྒྱ་བྱས་ཏེ། ཨ་ཁུས་དེ་གར་བེམ་པོ་སྲུང་ནས་ཁྱིམ་མི་གཞན་དག་ལ་བསྒུགས་ཤིང་ཨ་ཕས་ཨ་མ་ཁྱེར་ནས་སྨན་ཁང་དུ་སོང་།
ངའི་ཞང་པོ་བུད་སོང་། འཆི་བདག་གིས་ངའི་ཞང་པོའི་མི་ལོ་ཉེར་དགུའི་སྟག་དང་འདྲ་བའི་ལང་ཚོ་ཕྲོགས་སོང་། ཤུལ་དུ་ལྷག་པ་ཆག་རོར་གྱུར་པའི་འཕྲུལ་འཁོར་ཞིག་དང་ཆང་དམ་ཆག་གྲུམ་ཅན་འགའ། ཁྲག་གིས་སྦགས་ཤིང་འཁྱགས་རེངས་སུ་གྱུར་པའི་བེམ་པོ་ཞིག བླ་སྲོག་མེད་པའི་ཁང་སྟོང་ཞིག ཡུག་སར་གྱུར་པའི་ཆུང་མ་ཞིག ད་དུང་ལོ་ན་གསུམ་ལ་སོན་མ་ཐག་པའི་བུ་ཆུང་ཞིག མི་ལོ་ཉེར་དགུ་ལ་སྡུག་ལས་བྱས་ཀྱང་མཐར་འདི་དག་ལས་ཅི་ཡང་ལྷག་མེད། འདི་ནི་མི་ཚེ་སྟེ། མི་ཚེ་མ་གཞི་ནས་འདྲ་མཉམ་ཞིག་ག་ལ་ཡིན།
འཆི་བ་ནི་དངོས་ནས་མི་རྟག་པ་སྟེ། ཁྱོད་རང་དེ་དང་ཇི་ལྟར་རྒྱང་བཀྱེད་ན་དེ་ཉིད་འདི་ལྟར་ཁྱོད་དང་ཉེ་བར་བཅར་ཡོང་། འཆི་བ་མངོན་སུམ་དུ་ཐོན་དུས་ང་ཚོས་སུ་ལའང་ཁག་འགེལ་ཐབས་མེད་ལ་སུ་ལའང་སྐྱབས་བཅོལ་ས་མེད། སྐད་ཅིག་མ་དེར་སུས་ཀྱང་ང་ཚོ་སྐྱོབ་ཐབས་མེད་པས། འཆི་བ་མ་ཐོན་པའི་སྔོན་གྱི་སྤྱོད་པ་དང་ལྟ་བ་ནི་ད་གཟོད་ང་ཚོ་འཆི་བ་ལས་སྐྱོབ་པའི་ཐབས་དམ་པའོ། ། རང་བྱུང་གི་རྐྱེན་ངན་ཅི་ཞིག་བྱུང་ཡང་དེ་དག་ཚང་མ་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་ལ་ཁག་འགེལ་རྒྱུར་དགའ་བ་དེ་ང་ཚོ་བོད་རིགས་ཐུན་མོང་ལ་མངའ་བའི་ལྟ་བ་ཞིག་རེད། ཁྱིམ་མི་ཚོས་ཀྱང་ལམ་ཕྲན་དེའི་སྐོར་གྱི་གཏམ་རྒྱུད་ངོ་མཚར་བ་མང་པོ་ལབ་ཡོང་མོད། དེ་འདྲ་ཞིག་ག་ལ་ཡིན་ཏེ། ཡུལ་དངོས་ཀྱི་ཝུ་ཆང་གི་དམ་བུ་དེ་ཚོས་ཀྱང་མང་པོ་ཞིག་གསལ་བཤད་བྱེད་ཐུབ་པ་མ་རེད་དམ། འདི་ནི་ཁོའི་ལས་དབང་རེད་ཟེར་མོད། ལས་དབང་འདི་ཡང་ཁོའི་མི་ལེགས་པའི་སྤྱོད་པས་ཤུགས་རྐྱེན་ཐེབས་པ་མ་རེད་དམ། ད་ནི་གང་ཡིན་ན་ཡིན་དུ་ཆུགས་མོད། ཤི་བའི་རྗེས་སུ་མིག་ཆུ་དང་སྨྲེ་ངག་འདོན་པ་ལས་གསོན་པའི་དུས་སུ་རང་ཉིད་ལ་འདུ་ཤེས་ལེགས་པོ་ཞིག་དང་སྤྱོད་པ་ཚུལ་མཐུན་ཞིག་གོམས་པར་བྱས་ན། རྗེས་ཀྱི་མིག་ཆུ་དང་སྨྲེ་ངག་ཀྱང་འདོན་ག་ལ་དགོས།
ཚན་རྩལ་འཕེལ་རྒྱས་སོང་བ་དང་བསྟུན། འགྲིམ་འགྲུལ་ཐད་ཀྱང་སྟབས་བདེ་ཆེན་པོ་བྱུང་སྟེ། སྔོན་གྱི་དཀྱོག་མཚམས་དེའི་ཞོལ་གྱི་རི་སྐེད་དུ་རི་བོའི་ཕར་ཚུར་གཉིས་ལ་ཐད་ཀར་བགྲོད་ཐུབ་པའི་ཕུག་ལམ་རིང་མོ་ཞིག་འཐེན་པས། ད་ལྟ་སྔོན་ལྟར་རི་བོ་བསྐོར་ནས་འགྲོ་མཁན་ཤིན་དུ་ཉུང་། དེ་བས། སྔར་གྱི་འགྲིམ་འགྲུལ་དོན་རྐྱེན་དེ་འདྲའང་བྱུང་བ་ཇེ་ཉུང་དུ་གྱུར་འདུག གཅིག་ནས་ཕུག་ལམ་བཟོས་ཏེ་འགྲིམ་འགྲུལ་ལ་སྟབས་བདེ་བཟོས་པ་དང་། གཉིས་ནས་མི་རྣམས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཅུང་ཟད་མཐོར་འདེགས་བྱུང་བས། ཀུན་གྱིས་འདྲེ་ལམ་དུ་འབོད་པའི་དཀྱོག་མཚམས་དེའང་རིམ་གྱིས་མི་རྣམས་ཀྱི་སེམས་ཁོང་ནས་ཡལ་ཞིང་། ད་ལྟའི་བསམ་བློ་དེང་རབས་ཅན་དང་འགྲིམ་འགྲུལ་དེང་རབས་ཅན་གྱི་ལམ་ཁ་ནས་སྔར་ལས་ལེགས་པའི་ངང་གསོན་ཐུབ་པར་རེ་བས་ཁེངས་འདུག་གོ
གྱེར་ཀློག་པ། ཚེ་རིང་བཀྲ་ཤིས།
རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།