རྩོམ་བརྡ་དང་ཉེན་བརྡ།༼བསྡུས་རྩོམ།༽
2025.05.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 172

སྙན་བཟང་པདྨ་རིན་ཆེན།  རེབ་གོང་། 

  དངོས་བྱུང་གི་གཏམ་རྒྱུད་འདི་ནི་ཁྱིམ་ཆུང་མ་ལས་སུ་དང་གང་གིས་ཀྱང་མི་ཤེས་མོད།ཡིན་ནའང་དོན་དེ་ཉིན་འདི་འགར་སེམས་ལ་ཡང་དང་བསྐྱརདུ་འཁོར་བ་དང་གཅིག་བྱས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས་ལས་མཐོང་བའི་རྩོམ་བསྡུའི་བརྡ་ཐོ་དེར་དོན་སྙིང་ཆེ་ཚུལ་དང་གཉིས་བྱས་ཏེ།ད་ནི་ཁྱེད་ཅག་གི་སྙན་གྱི་ལམ་དང་སྤྱན་གྱི་མདུན་དུ་སྤྲོ་བར་བྱའོ།

གཟའ་པ་སངས་ཀྱི་ཉིན་ཞིག་ལ།ང་རང་ནམ་རྒྱུན་ལྟར་སློབ་གྲྭ་ནས་ལམ་ལ་ཆས་ཏེ་ཕ་ཡུལ་རེབ་གོང་དུ་སྤྱི་ལེ་ཉིས་བརྒྱ་ལྷག་གི་ལམ་ཐག་བཅད་ནས་ལོག་པ་ཡིན། རྫོང་ཐོག་ཏུ་འབྱོར་རྗེས།  ངས་ཞིང་གྲོང་ན་ནམ་རྒྱུན་མཛུབ་མོ་ནང་ལ་བཀུག་ནས་ང་རང་ནམ་ཡོང་ལ་རེ་སྒུག་གི་མིག་ཟུང་ཅེར་ནས་ཡོད་པའི་ལོ་ན་བརྒྱད་ཅུའི་ཁུར་གྱིས་ནོན་པའི་བྱམས་ལྡན་ཕ་མ་གཉིས་ལ་ང་རང་བདེ་བླག་ངང་རྫོང་ཐོག་ཏུ་འབྱོར་ཡོད་པའི་ཁ་པར་གཏོང་ཞོར་ཁྱེད་གཉིས་ལ་མཁོ་དངོས་འདྲ་ཡོད་ན་ངས་རྫོང་ཐོག་ནས་ཉོ་ཡོང་རབས་བཤད་པ་ན། ཨ་ཕས་ང་ལ། གཅེས་ཕྲུག  ངེད་གཉིས་ལ་མཁོ་དངོས་གཅིག་ཀྱང་མེད། ཁྱོད་རང་བདེ་འཇགས་ངང་འབྱོར་སོང་བ་ཧ་ཅང་ལེགས། ད་དལ་མོར་ཤོགཟེར། ངས་ཕ་མ་གཉིས་ཀྱི་མར་རྩམ་ཚར་ཡོད་བསམ་ནས་མྱུར་མོར་འཕྲུལ་རྟར་ཞོན་ནས་དགའ་བདེའི་ལམ་གྱི་རྩེ་གཞུང་འོ་ཞོ་ཚོང་ཁང་གི་ཕྱོགས་སུ་བསྐྱོད། སྲང་ལམ་གྱི་བཞི་སྲང་ཆེན་མོའི་ལམ་མདོ་ནས་དཀྱོགས་ཏེ་ཚོང་རར་ཐོན་ལ་ཉེ་བའི་སྐབས་སུ། རྒྱབ་ཕྱོགས་ནས་ལག་སྐྱོར་འདྲུད་འཐེན་འཁོར་ལོའི་སྦག་སྒྲ་རྣ་ལ་གཟན་པ་ཞིག་བསྐྱོད་ཡོང་སྟེ་ཁྲོག་སྒྲ་དང་བཅས་ངའི་འཕྲུལ་རྟ་ལ་གདོང་ཐུག་དྲག་པོ་ཞིག་བརྒྱབ་མཐར། ང་རང་མཁའ་ལ་སྤུར་བའི་ཤོག་བུ་བཞིན་འཕྲུལ་རྟ་དང་ལྷན་དུ་འདོམ་པ་ལྔ་དྲུག་ཟིན་མཚམས་ཤིག་ལ་གཡུགས་ཞིང་། སླར་ཡང་འདྲེད་འགྱེལ་གྱིས་མདུན་ཕྱོགས་སུ་ཡོད་པའི་ཟོང་སྐྱེལ་རླངས་འཁོར་ཞིག་གི་འོག་ཏུ་བརྫངས།  ཨ་ཁ་ཁ།  མགོ་ཐོག་གི་གནམ་རྡིབ་ཅིང་རྐང་འོག་གི་ས་རྡིབ་པའི་སྐད་ཅིག་མའི་དུས་སྐབས་འདིར།  དེ་རིང་འཆི་བདག་གི་སོ་ཁ་ལས་ཐར་མ་སོང་སྙམ་བཞིན་ངའི་མིག་ལམ་མམ་དྲན་སྣང་གང་ཞིག་ལ། རྒས་ཤིང་འཁོགས་པའི་ཕ་མ་ཟུང་གི་རེ་སྒུག་གི་མིག་ཟུང་དང་། སྙིང་ཉེ་བའི་བྱིས་པ་གཉིས་ཀྱི་དགའ་འབོད།  ཁྱིམ་ཆུང་མའི་བརྩེ་ཞིང་དུངས་པའི་ཞལ་རས་སོགས་གཅིག་རྗེས་གཉིས་མཐུད་དུ་ཡང་ཡང་འཁོར་ཡོང་ལ།  ལྷག་པར་དུ་ཨ་ཕས་ཁ་པར་ལས་བཤད་མ་ཐག་པའི་སྐད་གདངས་དེ་ངའི་རྣ་ལམ་དུ་ཡང་ཡང་གྲགས་བྱུང་།  དེ་ལྟར་དངས་འཚབ་དང་ཞེན་ཆགས། འགྱོད་གདུང་དང་རེ་ཆད། ངོ་ཚ་དང་སྡུག་ཡུས་ཀྱིས་མནར་བའི་མགོ་བོ་ཡར་བཀྱགས་ཏེ་ཕར་ཚུར་ལ་འཁོར་བཞིན་སླར་ཡང་གོག་མ་ནུར་གྱིས་རླངས་འཁོར་དེའི་འོག་ནས་ཚུར་བུད་དེ་ཡར་ལངས་པ་ན། རང་གིས་རང་ལའང་མཚར་སྣང་ཞིག་སྐྱེས་སོང་། ལུས་པོར་ཡང་བསྐྱར་ཞིབ་ལྟ་ཞིག་བྱ་དུས། རྨས་ལྕི་མོ་ཞིག་ཕོག་མེད་པ་ཐག་གིས་ཆོད་ལ། ཐ་ན་རྐང་ལག་གི་རུས་པར་ཆག་སྐྱོན་ཆེན་པོ་ཞིག་ཀྱང་བྱུང་མེད་པར་པུས་མོ་དང་དཔྱི་མགོར་སྐྱི་བཤུས་བཏོད་པ་ཙམ་རེད། ད་དུང་ཡིད་མ་ཆེས་པའི་ཉམས་ཀྱིས་ཡང་བསྐྱར་མགོ་བོར་རེག་པ་ན། བདེ་འཇགས་རྨོག་ཞྭ་ད་དུང་མགོ་རུ་གྱོན་ཡོད་འདུག  སྐབས་འདིར་ངས་ད་གཟོད་སེམས་བདེར་བབས་ཏེ་སྔ་གཞུག་གཉིས་སུ་བལྟས་པ་ན། མདུན་གྱི་ཟོང་སྐྱེལ་རླངས་འཁོར་དེ་བསྡད་འདུག་ལ། མཇུག་གི་འདྲུད་འཐེན་རྐང་གསུམ་ཁ་ལོ་བ་ཏག་ཏག་སྐབས་འདིར་སར་འབབ་ཀྱིན་འདུག  བལྟས་ཚོད་ཀྱིས་ལོ་ན་སུམ་ཅུར་སོན་ཙམ་གྱི་སྐྱེས་པ་ཞིག་ཡིན་ལ། ཁོས་ས་སྣོག་རྡོ་སྣོག་བྱས་འདུག་པའི་ལྭ་བ་རྙིང་ཧྲུལ་ཞིག་གྱོན་ཡོད་ལ།  ངོ་མདོག་ཤོར་ཞིང་ངུ་སྐད་འདྲེས་མས་ང་ལད་མ་བཟང་ཐལ། དལ་མོར་ལོངས། མྱུར་ཏུ་སྨན་ཁང་ལ་འགྲོཟེར་བཞིན་འདར་སིག་སིག་གིས་ངའི་གམ་དུ་ཐོན་རྗེས་མཆན་འོག་ནས་བསྐྱོར་བྱུང་། སྐབས་འདིར།  ངས་སྙིང་རྗེ་དང་ཞེད་སྣང་ཅི་ཞིག་གི་ཚོར་བས་ཁོ་ལཁྱོད་ཀྱིས་ང་ལ་ཇི་ལྟར་བརྒྱབ་སོང་བ་རེདཅེས་དྲིས་པ་ན། ཁོས་མིག་མཐར་མཆི་མ་འཁོར་བཞིན་དུ། ང་རང་ཞོར་ལས་ནས་ད་སོ་མ་ཕྱིར་ཁྱིམ་ལ་འགྲོ་བ་ཡིན། སྐབས་འདིར་ངས་ལས་གྲོགས་ཤིག་ལ་སྐད་འཕྲིན་ལས་སང་ཉིན་གྱི་ལས་ཀར་འགྲོ་རྒྱུ་དུས་བཅད་འཐེན་པའི་སྐད་འཇོག་སྐབས་ཁ་པར་ལ་མིག་ཤོར་བས་ད་གཟོད་ཁྱེད་དང་གདོང་ཐུག་བརྒྱབ་པ་རེདཟེར། སྐད་ཆ་འདི་ཐོས་མ་ཐག་ངས་ལྷག་ཏུ་ཁོ་ལ་སྙིང་རྗེ་ཚད་མེད་ཅིག་སྐྱེས་ཤིང་། དེ་མ་ཐགང་ལ་སྐྱོན་ཅི་ཡང་བྱུང་མི་འདུག  ད་ཁྱོད་སོང་།   སྨན་ཁང་ལ་འགྲོ་དགོས་པ་མ་རེདཅེས་བཤད་པ་ན།  ཁོས་ཡང་དང་ཡང་དུདྲིན་ཆེན་པོ། འུ་གཉིས་ཀའི་ལས་བཟང་སོང་། ཁྱོད་ཀྱིས་ང་ལ་ཁ་པར་ཨང་གྲངས་ཅིག་ཤོད་དང་། དོན་དག་འདིར་ཅིས་ཀྱང་ང་ལ་འགན་འཁུར་ཡོདཅེས་ཞུ་བ་ཡང་ཡང་བྱས་ཀྱང་། ངས་ཉེ་འཁོར་གྱི་མི་མང་པོས་དོན་འདི་ཤེས་ན་སྐད་ཆ་རླུང་གིས་འཁུར་འགྲོ་བར་དོགས་ནསད་འུ་གཉིས་རང་རང་སར་འགྲོ། སྐྱོན་མི་འདུགཟེར་བཞིན་མྱུར་མོར་འཕྲུལ་རྟ་ཡར་བསླངས་ནས་ཨུ་ཚུགས་ཀྱིས་བསྐོར་བཞིན་མར་རྩམ་ཉོས་རྗེས་ཕ་མར་མཇལ་དུ་སོང་།

དོན་དག་འདི་བྱུང་ནས་གཟའ་འཁོར་གཅིག་ལྷག་འདས་ཟིན་ནའང་། དོན་འདིར་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་ང་ད་དུང་དངས་སྐྲག་དང་མཚར་སྣང་གིས་ཁེངས་འགྲོ། སེམས་ཅན་ཐམས་ཅད་གློ་བུར་བའི་རྐྱེན་ངན་དང་མི་འདོད་པའི་གེགས་དང་བར་ཆད་ལས་རིང་དུ་བྲལ་བར་ཤོག་ཅིག 

གྱེར་ཀློག་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ། 

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།