འགྲུལ་བཞུད་ཐེངས་གཅིག ༼བསྡུས་རྩོམ།༽
2025.05.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཨོ་རྒྱན་ཚུལ་ཁྲིམས། [མགོ་ལོག]

      ཏག་ཏག་ཞོགས་པའི་ཆུ་ཚོད་ལྔ་ཡས་མས་སུ།   མགྲོན་ཁང་ནས་ཕྱིར་བུད་དེ་མཐོ་སྒང་གི་མཁར་གྲོང་དེ་ནས་ཐག་ཉེ་རིང་ཀུན་ལ་ཞིབ་ལྟ་ཞིག་བྱས་ན།  མདང་ནུབ་ཁངས་ཆར་བབས་པའི་རྐྱེན་གྱིས་རི་རྩེ་ལ་དྭངས་གཙང་གི་ཁ་བ་དཀར་པོའི་མུ་ཁྱུད་ཅིག་རང་བྱུང་དུ་བཀླུབས་འདུག་ལ།   སྲང་ལམ་དང་རྒྱང་རིང་གི་པིར་གྱིས་བྲིས་པ་ལྟ་བུའི་སྣུམ་ལམ་ལ་ཚོན་རྩི་གསར་བ་ཞིག་བྱུགས་པ་དང་གཉིས་སུ་མ་མཆིས་པར་ནག་ཅིང་སྣུམ་པའི་འོད་མདངས་ཤིག་ཀྱང་འཕྲོས་འདུག   ལམ་འགྲམ་གྱི་རྩྭ་ལྗང་དང་ཤིང་ཕྲན་དག་ལ་མུ་ཏིག་གི་དོ་ཤལ་ལྟ་བུའི་ཟིལ་བ་ཁྲོམ་ཁྲོམ་དུ་ཆགས་འདུག་པས་ཅི་འདྲའི་ཡིད་དུ་འོང་བ་ལ་ཨང་།ངས་རླངས་འཁོར་སྐོར་ནས་སྤྱི་ལེ་བཅུ་ཕྲག་ཙམ་སོང་བ་ན།    སྨུག་སྤྲིན་གྱིས་སྟོད་གཡོག་མནབས་པའི་རི་རྩེ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་སོང་བ་དང་།  སོང་གིན་སོང་གིན་སྨུག་ལོང་འཁྲིགས་པའི་ཀློང་ནས་མདུན་ཕྱོགས་ཀྱི་ལམ་ནི་སྨི་བཞི་ལྔ་ཙམ་ལས་མི་མཐོང་བར་གྱུར།  ཕར་འགྲོ་ཚུར་འོང་གི་རླངས་འཁོར་དག་གིས་སྨུག་གློག་བཀར་ནས་སེམས་ཆུང་གིས་དལ་མོར་སྐྱོད་ཀྱིན་འདུག་པས།  ཁོ་ཚོའི་སེམས་སུ་བདེ་འཇགས་ཞེས་པའི་ཐ་སྙད་དེ་ཡལ་བ་མེད་པར་རྟག་ཏུ་བྲིས་ཡོད་པ་དང་ཀུན་ནས་མཚུངས།རི་རྩེ་བརྒལ་རྗེས་ཐུར་ལམ་ཞིག་བརྒྱུད་དེ་སྤྱི་ལེ་འགའ་མར་བབས་པ་ན།  སྨུག་སྤྲིན་གྱི་ཡོལ་བ་སྟུག་པོ་དེ་ཡོངས་སུ་ཕྱེས་པ་དང་ཆབས་ཅིག་ཁ་ལོ་བ་རྣམས་ཀྱིས་ཀྱང་སོ་སོའི་རླངས་འཁོར་གྱི་འགྲོས་ཚད་ཇེ་མགྱོགས་སུ་བཏང་སྟེ་སྐར་མདའ་ཆད་པ་ལྟར་མདུན་ཕྱོགས་སུ་སྐྱོད་ཀྱིན་གདའ།  སྐབས་ཤིག་ལ།   མདུན་ཕྱོགས་ནས་ཟོང་སྐྱེལ་རླངས་འཁོར་ཆེན་པོ་ཞིག་ཉ་མོ་མཚོ་ལ་འཁྱུགས་པ་བཞིན་ཡོང་གིན་ཡོད་པ་དང་།    ཟོང་སྐྱེལ་རླངས་འཁོར་དེའི་ཁ་གཏད་དུ་ཐོན་པ་ན།  དམག་མི་གྲལ་དུ་བསྒྲིགས་པ་ལྟར་གྱི་ཁ་ལོ་བ་ཚོས་འཁོར་སྒག་མནན་ཏེ་གཞུག་སྒྲོན་དམར་ལམ་ལམ་བྱས་ནས་རླངས་འཁོར་གྱི་མྱུར་ཚད་ཇེ་དལ་དུ་གཏོང་བ་ལ་བལྟས་ན།   དེ་ནི་ཉམས་མྱོང་ལྡན་པའི་ཁ་ལོ་བ་ཞིག་གི་བྱ་སྤྱོད་ཡིན་པ་ཤེས་ཐུབ།ང་ཡང་ཟོང་སྐྱེལ་རླངས་འཁོར་དེའི་ཉེ་སར་བཅར་བ་དང་འཁོར་སྒག་མནན་ནས་དལ་མོར་སྐྱོད་ཀྱིན་པའི་སྐབས་སུ།   གློ་བུར་དུ་རླངས་འཁོར་སྔོ་ནག་ཞིག་གིས་ང་དང་སྔ་གཞུག་བརྩད་དེ།  ཟོང་སྐྱེལ་རླངས་འཁོར་དེ་དང་ངའི་རླངས་འཁོར་གཉིས་ཀྱི་དཀྱིལ་དུ་འཚངས་པར་མ་ཟད།   སྔོན་ལ་འབུད་ཁར་ད་དུང་རྣ་བར་གཟན་ཞིང་སྐྱི་གཡའ་བའི་ཟིར་སྒྲ་ཞིག་དང་ལྷན་ཅིག   ངའི་རླངས་འཁོར་གྱི་གཡོན་ཕྱོགས་སུ་བརྡར་ཙམ་བྱས་ནས་བུད་སོང་།  རླངས་འཁོར་དེའི་མྱུར་ཚད་ཧ་ཅང་མགྱོགས་དྲག་པ་དང་།  ཕྱོགས་སྒྲོན་གྱི་བརྡ་སོགས་འཁོར་བརྒལ་གྱི་ཆ་རྐྱེན་གང་ཡང་མེད་ཅིང་ཚམ་ཚོམ་མེད་པར་དཀྱིལ་དུ་འཚང་ཡོང་བའི་བྱ་སྤྱོད་དེས་ངའི་མགོ་བོའི་སྐྲ་དང་ལུས་ཀྱི་བ་སྤུ་གྱེན་དུ་གཟེངས་ཏེ་དངངས་འདར་ཞིག་ཀྱང་བརྒྱབ་བྱུང་མོད།   འོན་ཀྱང་།  ཁ་ལོ་བ་དེས་ཕྱིར་བལྟས་ཙམ་ཀྱང་མ་བྱས་པར་མདུན་དུ་རྒྱུགས་སོང་།རླངས་འཁོར་ལམ་འགྲམ་དུ་བསྡད་དེ་ས་ལ་བབས་ནས་ལྟ་དུས།   ངའི་རླངས་འཁོར་གྱི་རྩི་ཅུང་ཙམ་བཀོག་ཡོད་པ་ལས་སྐྱོན་ཆེར་མི་འདུག   ཡིན་ནའང་།    ཉེན་ཁ་ཆེ་བའི་བྱ་སྤྱོད་འདི་དང་གཞན་ལ་དགོངས་དག་ཙམ་ཡང་མེད་པར་བུད་སོང་དེ་ནི་རང་གཞན་གཉིས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སོགས་གང་ལ་ཡང་འགན་མ་ཁུར་བའི་བྱ་སྤྱོད་ཅིག་མ་ཡིན་ནམ།  ངས་ཁོ་ལ་འཁང་ར་དང་ལེ་བདའ་བྱེད་འདོད་པ་མིན་མོད།   ཐེངས་འདིར་རང་གཞན་གཉིས་ཁར་གནོད་འཚེ་ཚབས་ཆེན་མ་བྱུང་བ་ནི་ལམ་འགྲོ་བྱུང་བ་ཙམ་མ་གཏོགས།    ཉེན་ཁ་ནི་ནམ་ཡང་ང་ཚོ་དང་གྲིབ་མ་བཞིན་འགྲོག་ཡོད་པར་གསལ་འདེབས་ཐེངས་གཅིག་བྱས་པ་ཅི་ལ་མིན།སྤྱིར་ཡིན་ན་དུས་རབས་ཀྱི་དབང་གིས་དཔལ་འབྱོར་རྩོལ་སྒྲུབ་དང་རིག་གནས་སློབ་སྦྱོང་སོགས་ཕྱོགས་མང་པོ་ནས་མི་རྣམས་ལ་གནོན་ཤུགས་གང་མང་ཞིག་ལ་འཕྲད་དང་ཕྲད་བཞིན་ཡོད་པས།  སོས་དལ་བག་ཡོད་དང་ཡིད་སེམས་ལྷོད་ལྷོད་བྱེད་པའི་ཁོམ་ལོང་ཞིག་ཡེ་ནས་མེད་མོད།  བདེ་འཇགས་ནི་མི་ཚེ་ཞིག་གི་བདེ་སྐྱིད་ཡོད་ཚད་ཀྱི་རྩ་བ་ཡིན་པས།   རླངས་འཁོར་ཁ་ལོ་བ་ཞིག་ལ་མཚོན་ན།   འགྲིམ་འགྲུལ་གྱི་ཤེས་བྱ་དང་ཆ་འཕྲིན་བསྡུ་ལེན་བྱེད་མཁན་ཞིག་ཡིན་དགོས་པ་མ་ཟད།  ཤེས་བྱ་དང་ལག་ལེན་ཟུང་འབྲེལ་བྱེད་པར་མཁས་པ་ཞིག་ཀྱང་དགོས་སྙམ།

   མདོར་ན་ཐག་རིང་ཐུང་གང་དུ་སོང་ཡང་རང་གཞན་གཉིས་ཀྱི་བདེ་འཇགས་ལ་གཙིགས་ཆེན་བྱས་ནས། བདེ་སྐྱིད་ལྡན་པའི་འགྲུལ་བཞུད་ཅིག་ལ་བརྩོན་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྣང་ངོ་།

གྱེར་ཀློག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།