མཐའ་མཇུག་གི་རྒྱལ་ཁ།༼བསྡུས་རྩོམ། ༽
2025.05.29 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

                                                      གཅན་གཏོར་མ།  [བྲག་དཀར།]

ལོ་ན་ཆུང་དུས་སུ།  སྡེ་བའི་བྱིས་པ་ཚོས་སྟོན་བླངས་རྗེས་ཀྱི་ལོག་མའི་ནང་ནས་བོང་རྒྱུག་འཐེན་ནས་བང་རྩལ་འགྲན་ཞིང་།  ཁ་ཁྲག་སྣ་ཁྲག་ཅུང་ཙམ་བཞུར་ཡང་དེ་ལ་སྣང་དོགས་ཆེར་མི་བྱེད།   དར་མའི་དུས་སུ་སླེབས་པ་ན།  སྡེ་བའི་སྟག་ཤར་ཚོས་གཡུལ་ཁའི་ནང་ནས་འཕྲུལ་རྟའི་འཁོར་ལོས་ཨང་ཀི་བརྒྱད་འབྲི་བ་སོགས་ཀྱི་ཡང་རྩལ་འགྲན་ཏེ།   འཕྲུལ་རྟའི་རྐྱལ་བ་ཟད་པའམ་པུས་མོ་བསྣད་པ་སོགས་ལ་ཁ་ཡ་ཆེར་མི་བྱེད།   དུས་དེང་སང་ཡང་རླངས་འཁོར་གྱི་རྒྱུག་རྩལ་འགྲན་ནས་ཚེ་སྲོག་རྩེད་སྤྱད་བྱེད་མཁན་ཡོད་དེ།  མདོར་ན།  ང་ཚོ་ནི་དུས་དང་རྣམ་པ་ཀུན་ཏུ་རྩལ་འགྲན་པར་དགའ། གཅིག་བྱས་ན། འཚོ་བ་ནི་ནམ་ཡང་འགྲན་སྡུར་རྐྱང་རྐྱང་གིས་རོལ་དགོས་པ་ཞིག་ཀྱང་མིན་པ་འདྲ་སྟེ།  བདེ་འཇགས་དང་བདེ་སྐྱིད་ཀྱིས་མི་ཚེ་རྫོགས་སོང་ན། དེ་ལ་མཐའ་མཇུག་གི་རྒྱལ་ཁ་ངང་གིས་ཐོབ་སོང་བ་མིན་ནམ།

དེ་ཡང་སློབ་འབྲིང་འགྲིམ་དུས་ཀྱི་གཟའ་མཇུག་ཅིག་ལ།  ཁོ་བོ་ཡུལ་ལ་ལོག་བྱེད་མ་རྙེད་པར་སྲང་མགོར་ལུས་སྡོད་སྐབས།   ངེད་ཚང་གི་མག་པ་སོགས་ཁོ་ཚོ་སྡེ་བའི་གསར་བུ་སྐོར་ཞིག་གིས་འཕྲུལ་རྟ་སྦག་སྒྲ་དང་བཅས་བསྐོར་ནས་བསླེབས་བྱུང་བས། ཁོ་བོ་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་མག་པའི་འཕྲུལ་རྟའི་འཕོངས་ལ་ཞོན་ནས་ཡོང་བ་ཡིན།  སྐབས་དེར་ཁོ་ཚོ་ནི་གསར་བུའི་བཟང་སྒང་ཡིན་ལ།   སྟག་ཤ་རའི་སྣང་བ་སྐྲ་རྩེ་ན་ཡོད་པས།  སུས་ཀྱང་སུ་ཁས་ལེན་འདོད་མེད་པར་འཕྲུལ་རྟའི་སྣུམ་སྒོ་ཆེས་ཆེར་ཕྱེ་སྟེ་འགྲན་སྡུར་བྱེད།  མཚམས་མཚམས་སུ་ངེད་ཚང་གི་མག་པ་སྔོན་ལ་ཤོར་ཞིང་།  མཚམས་མཚམས་སུ་གསར་བུ་གཞན་ཞིག་སྔོན་ལ་ཤོར་འགྲོ།  དེ་ལྟ་དེ་ལྟར་ཁོ་ཚོས་ཕྱི་མིག་ལྟ་བཞིན་རྒྱུག་པའི་མོད་ལ།  དཀྱོག་ཆེན་པོ་ཞིག་བརྒྱུད་སྐབས་འཕྲུལ་རྟ་ནི་ས་རུ་ཐུག་ལ་ཁད་ཀྱིས་རྒྱུག་ཀྱང་ཁོས་སྣུམ་སྒོ་ཁྱོན་ནས་ལྷོད་མ་བྱུང་བས།  མཚམས་ཤིག་ལ་ཁོའི་གྲུ་མོ་ས་ལ་འདྲུད་བཞིན་འགྲེད་བདར་ཤོར་ནས་འགྱེལ་སོང་། ས་ལ་འགྱེལ་བའི་སྐད་ཅིག་མ་དེར་ཁོ་བོས་འཕྲུལ་རྟ་ཕྱི་མས་ངེད་གཉིས་གཅིར་བར་དོགས་ནས་བྲེད་ཤ་ལངས་མོད། ལས་ཡག་པ་ཞིག་ལ་མག་པའི་གྲུ་མོར་རྨས་སྐྱོན་ཙམ་ལས་ང་ལ་རྨས་སྐྱོན་ཕྲན་ཙམ་ཡང་བྱུང་མི་འདུག་པས།     དེ་མུར་ཁོ་འགྲེ་ལོག་ཅིག་རྒྱག་ཞོར་སྐྱེན་པོར་ལངས་ནས་སྔར་བཞིན་ལམ་ལ་རྒྱུག་ཀྱང་མཐའ་མཇུག་གི་རྒྱལ་ཁ་དེ་ཐོབ་མ་བྱུང་།

ལོ་འགའི་སྔོན་ལ། མག་པས་རླངས་འཁོར་ལག་བརྒྱུད་ཅིག་ཉོས་ནས་སྐོར་གྱིན་འདུག་ལ། ཁོ་བོ་ཡང་དེའི་ནང་ལ་བུད་ནས་ལམ་ཐག་རིང་ཐུང་གཉིས་ལ་ལན་འགར་བསྐྱོད་པ་ཡིན་མོད། ཁོའི་མགྱོགས་ཚད་ནི་སྔར་བཞིན་རླུང་དང་མཉམ་ཞིང་། རླངས་འཁོར་ས་རྒྱག་རྡོ་རྒྱག་བྱས་ནས་སྐོར་ཚུལ་མཐོང་བའི་མོད་ལ། ཁོ་བོས་འདི་ལྟར་བསྐོར་ན་རླངས་འཁོར་གྱིས་ཀྱང་འདང་ངམ་ཞེས་རྒྱང་བསྐོར་ནས་དྲིས་པར། ཁོས་རླངས་འཁོར་སྐོར་ཤེས་མིན་ནི་རྒྱུག་ན་མགྱོགས་མིན་གྱི་སྟེང་ནས་འབྱེད་དགོས་ཟེར་བས་ང་ལ་ལན་ལྡོན་རྒྱུ་མ་བྱུང་མོད།  ན་ནིང་དོ་ཚིགས་རང་ཉིད་ཀྱིས་ཀྱང་རླངས་འཁོར་བསྐོར་བའི་བརྒྱུད་རིམ་ལས་ཉམས་མྱོང་ཞིག་ཐོབ་པ་ནི། རླངས་འཁོར་སྐོར་ཤེས་མིན་ནི་མགྱོགས་ཚད་ཙམ་གྱི་སྟེང་ནས་འབྱེད་པ་མ་ཡིན་པར། སེམས་ཆུང་དང་བདེ་འཇགས་ཀྱིས་སྐོར་མཁན་ནི་ད་གཟོད་ཁ་ལོ་བ་མཆོག་ཡིན་པར་འདོད། རླངས་འཁོར་སྨྱོ་སྐོར་གཟའ་སྐོར་རམ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྐོར་མཁན་དག་ནི། རང་གཞན་ཀུན་གྱི་ཚེ་སྲོག་ཕངས་མེད་དུ་རྩེད་སྤྱད་བྱེད་མཁན་འབའ་ཞིག་སྟེ།  རླངས་འཁོར་ནི་ཁྱོད་རང་བདེ་འཇགས་སྒོས་རང་གི་ཡུལ་ལ་སྐྱེལ་མཁན་གྱི་ཡོ་བྱད་ཅིག་ཡིན་གྱི།   ཁྱོད་རང་ཕྱི་མའི་ཡུལ་ལ་སྐྱེལ་མཁན་གྱི་གཤེད་མ་དེ་མིན་པས། ནམ་རྒྱུན་བདེ་འཇགས་ངང་རང་ཡུལ་ལ་བསླེབས་མཁན་ནི་ད་གཟོད་མཐའ་མཇུག་གི་རྒྱལ་ཁ་འཐོབ་མཁན་དེ་མ་ཡིན་ནམ།

མདོར་ན། ང་ཚོ་ནི་ཆེད་ལས་ཀྱི་རླངས་འཁོར་འགྲན་ཞུགས་པ་མིན་པས། གཞུང་ལམ་སྟེང་ནས་རྒྱུག་རྩལ་ཁོ་ན་འགྲན་དགོས་དོན་ག་ལ་ཡོད།   བརྒྱ་ལ་མི་ཚེ་ནི་རྒྱུག་རྩལ་ར་བ་ཞིག་ཡིན་པའི་དབང་དུ་བཏང་ནའང་།  མཐའ་མཇུག་གི་རྒྱལ་ཁ་ཐོབ་མཁན་ནི།  རྒྱུག་རྩལ་རླུང་བཞིན་མྱུར་བའི“ཨ་མ་རི་བོང”མིན་པར།  བདེ་འཇགས་ངང་མཐའ་སྣེ་ལ་ཐོན་མཁན་གྱི“ཨ་ཁུ་རུས་སྦལ”ཡིན་ནོ།

གྱེར་ཀློག་པ། ཟླ་བཟང་སྒྲོལ་མ། 

རྩོམ་སྒྲིག་པ། བཀྲ་ཤིས་དོན་གྲུབ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ། ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།