

འབྲུག་ལྷ་མཚོ། (རྨ་ལྷོ།)
ད་ལོའི་ཟླ་དང་པོའི་ཟླ་སྨད་ཅིག་ལ། ངས་གློག་སྒུལ་འཕྲུལ་རྟ་ཞོན་ཏེ་རང་ཁྱིམ་དང་ཐག་མི་རིང་བའི་སྔོ་ཚལ་ཚོང་རར་སིལ་ཏོག་ཉོ་རུ་ཕྱིན་པ་ཡིན། ཕྱིར་ལོག་པའི་ལམ་ཁར་གློ་བུར་དུ་ཟས་རིགས་མྱུར་སྐྱེལ་བ་ཞིག་དང་ཐོད་ཐུག་བརྒྱབ་སྟེ། ང་རང་ནར་མར་འགྱེལ་ཞིང་། འཕྲུལ་རྟའི་མདུན་དུ་དཔྱངས་པའི་སིལ་ཏོག་ཀྱང་ཕྱོགས་ཕྱོགས་སུ་ཐོར་སོང་། ངེད་གཉིས་ཀྱི་གློག་སྒྲུལ་འཕྲུལ་རྟ་ཐོད་ཐུག་བརྒྱབ་པ་ནི་ཤིན་ཏུ་ཡང་མོ་ཡིན་པས། མྱུར་སྐྱེལ་བ་དེ་འགྱེལ་གྲབས་ཙམ་བྱས་པ་དང་དེ་མུར་རང་གི་འཕྲུལ་རྟ་བསྐྱུར་ཏེ་ཚུར་རྒྱུག་འོང་ནས་ང་རང་ཡར་སྐྱོར་བྱུང་། མ་གཞི་ང་ནི་སྐྲག་ཐག་ཆོད་པས་ཡིན་སྲིད་དེ་པུས་མོ་སླ་ང་གཉིས་ཅུང་ཟད་ན་བ་ལས་གནད་དོན་ཆེན་པོ་ཞིག་བྱུང་མེད་པ་འདྲ། ཡིན་ནའང་། ང་རང་སྦྲུམ་མ་ཞིག་ཡིན་པས་ཁོག་གི་གཅེས་ཕྲུག་ལ་བསམས་ཏེ་ཤིན་ཏུ་སྐྲག་པ་དང་། མྱུར་སྐྱེལ་བ་དེ་དང་ག་ནས་འོང་བ་མི་ཤེས་པའི་བུད་མེད་འགྲིམ་འགྲུལ་ཉེན་རྟོག་པ་གཉིས་ཀྱི་རོགས་རམ་འོག མྱུར་དུ་གླ་འཁོར་ཞིག་ལ་བསྡད་དེ་རྫོང་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་བ་ཡིན། Bསྒྲ་རླབས་སོགས་ཀྱི་དཔྱད་འབྲས་ལས་མ་བུ་གཉིས་ཆར་སྐྱོན་མེད་པ་ར་སྤྲོད་བྱས་རྗེས། ང་དང་བཅས་པ་དེར་ཡོད་ཀྱི་མི་ཚང་མའི་སེམས་བདེ་རུ་བབས།
མཚན་མོ་དེར། ང་རང་གཉིད་གཏན་ནས་མ་ཁུགས། གལ་ཏེ། རང་གི་གཅེས་ཕྲུག་འདིར་སྐྱོན་ཞིག་བྱུང་ཚེ་ཅི་བྱའམ། གལ་ཏེ། དོན་རྐྱེན་དེ་ལ་རྐྱེན་བྱས། ཕྱིས་སུ་གཅེས་ཕྲུག་འདི་ཉིད་དབང་བོ་སྐྱོན་ཅན་ཞིག་བྱུང་ན་ཅི་ཞིག་བྱའམ། ངེད་གཉིས་ལམ་ལྷོངས་མ་བྱུང་ཚེ་ཤུལ་དུ་ཁྱིམ་མིས་ཅི་བྱེད་དམ། དེ་ལྟར་འདང་རྒྱག་ནང་ལྷུང་སྟེ། སེམས་འཚབ་དང་དངངས་འཚབ་ནི་གཤག་བཅོས་རྗེས་ཀྱི་ན་ཟུག་བཞིན་ཇེ་རྒོད་དང་ཇེ་དྲག་ཏུ་གྱུར། ནམ་སྨད་ཡོལ་ཟིན། དཀར་གསལ་གྱི་ཟླ་བ་དེ་ནི་དྲིན་ཆེན་ཨ་མའི་འཛུམ་མདངས་ཤིག་གི་ཟོལ་གྱིས་རྒྱང་དུ་ཡལ། མལ་དུ་གཟིམ་པའི་རྨི་ལམ་དུའང་དོན་རྐྱེན་དེའི་མགོ་མཇུག་བར་གསུམ་འཆར་གྱིན་འདུག ཞོགས་པར་མལ་ལས་ལངས་པ་ན། ཆེས་ཐོག་མར་རྣ་ལམ་དུ་རྒྱུ་བ་ནི་བུད་མེད་འགྲིམ་འགྲུལ་ཉེན་རྟོག་པའི་སྐད་ཆ་ནན་མོ་ཞིག་སྟེ། འཕྲུལ་རྟ་ཞོན་དུས་ཀྱང་ངེས་པར་དུ་བདེ་འཇགས་ཞྭ་མོ་གྱོན་དགོས། ལྷག་པར་སྦྲུམ་མ་ཞིག་ལ་མཚོན་ན། འཕྲུལ་རྟར་མི་བཞོན་རྒྱུ་གལ། ཁྱོད་ཀྱི་ལུས་སྟེང་ན་ཚེ་སྲོག་གཉིས་ཡོད་པ་ཤེས་པར་གྱིས་ཞེས་པ་དེ་རེད། དངོས་གནས་ཡིན་ཏེ། གལ་ཏེ་དོན་ངན་ཞིག་བྱུང་བའི་དབང་དུ་བཏང་ན། ང་ནི་བྱེད་གཏེ་ཡིན་པ་རེད། ཡིན་ནའང་། འདི་ལྟར་དོན་དག་བྱུང་རྗེས་ལེ་བདའ་དང་ཁག་འགེལ་གྱིས་ཅི་ཞིག་འོང་ངམ།
ང་རང་དགེ་རྒན་ཞིག་ཀྱང་ཡིན་ཏེ། སློབ་ཁྲིད་ཀྱི་ཞོར་དུ་སློབ་མ་རྣམས་ལ་བདེ་འཇགས་སྐོར་གྱི་སློབ་སྟོན་ཡང་མི་ཉུང་བ་ཞིག་བྱས་མྱོང་། ཡིན་ནའང་། རང་སྟེང་ནས་བྱུང་བའི་དོན་རྐྱེན་འདིས། ངའི་སློབ་སྟོན་དུ་བསྙད་པ་དེ་དག་ཀྱང་ཁ་བཤད་ཆུ་ཡི་ཝུ་བ་ནང་བཞིན་སྙིང་བོ་མེད་པར་གྱུར། དེ་ན། འགྲིམ་འགྲུལ་དོན་རྐྱེན་དང་དོན་ངན་གང་ཞིག་གི་འཕུང་འདྲེ་ནི་རང་ཉིད་ནས་བྱུང་བ་ཡིན་ཏེ། རང་ཉིད་ཀྱིས་སྐྱོན་མེད་སྙམ་པའི་འདུ་ཤེས་ལྐོག་གྱུར་པ་དེའམ། ཁ་བཤད་སེམས་ན་མེད་པ་དང་། སེམས་ཀྱང་ལག་ལེན་གྱི་དོ་ཟླར་མི་འོང་བ་དེས་ལན། ངའི་དངོས་བརྒྱུད་ཀྱི་དོན་རྐྱེན་ཆུང་ངུ་འདི་དང་། ད་རེབ་ཀྱི་འགྲིམ་འགྲུལ་བདེ་སྲུང་གི་བརྗོད་གཞི་གལ་ཆེན་ལ་དམིགས་གཏད་དེ། ངས་ཀྱང་རང་ཉིད་བོད་མོ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་ཚེ་སྲོག་བདེ་འཇགས་སྐོར་གྱི་མངགས་བཅོལ་ཚབ་མཚོན་ཟུང་ཀུན་ལ་གྲོས་སྐུལ་གྱི་ཚུལ་དུ་སྨྲ་འདོད་དེ། དེ་ལ། སེམས་ཅན་ཐམས་ཅད་སྲོག་ལ་བརྩེ་བ་དང་། མི་ཞིག་གི་རྣམ་ཤེས་འཁྲུངས་སྟངས་ནི་གྱང་ངོས་འཇམ་པོར་སྲན་རིལ་བརྡབ་ན་གནས་ཐུབ་མིན་གྱི་དཔེ་སྟེ། ཧ་ཅང་ཐོབ་དཀའ་བ་ཞིག་ཡིན་པར་ངེས་འབྱུང་སྐྱེས་རིགས། གཞན་དུ། དགེ་བར་དགེ་བའི་འབྲས་བུ་འབྱུང་། །སྡིག་པར་སྡིག་པའི་འབྲས་བུ་འབྱུང་། །དོགས་ཀྱི་བློ་དང་ངེས་བསྐྱེད་ཡོད་དགོས་ཏེ། རང་གཅུན་དང་གཟབ་ནན། རང་ཕན་དང་གཞན་ཕན་གྱི་ལས་ལ་མཐའ་གཅིག་ཏུ་བློ་འཁོར་ཏེ། འཕྲུལ་འཁོར་གྱི་ཁོ་ལོ་བསྒྱུར་བ་ནས་རྐང་ཐང་གི་སྒྲིག་ལམ་བརྩི་བ་སོགས་འཚོ་བའི་ཞིབ་ཆ་ནས་ཐོན་ན་མཇུག་འབྲས་ཀྱང་བཟང་བོ་ཞིག་ཡོད་པར་ཐེ་ཚོམ་སྐྱེས་མི་རིགས་སོ། །
གྱེར་ཀློག་པ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
