

ཐོས་གྲོལ། (མཚོ་ལྷོ།)
གྲང་ངར་མདའ་མོ་བཞིན་རུས་རྐང་ལ་ཟུག་པའི་ནམ་ཟླ་འདིས། ང་རང་གནའ་མཁར་ཟི་ལིང་ཞེས་པའི་གྲོང་ཁྱེར་ཆེན་མོ་འདིའི་ཤར་མཐའི་ཇ་ཁང་ཞིག་གི་ནང་དུ་བརྫངས། ཆེ་ཞིང་དྭངས་པའི་སྒེའུ་ཁུང་གི་འགྲམ་དུ་རླངས་པ་ཐོལ་ཐོལ་གྱི་འཚིག་ཇ་ཕོར་བ་གང་གི་བྲོ་བས་ཡོངས་སུ་བད་དེ་ཡོད་སྐབས། ཁ་བའི་འདབ་མ་རེ་རེ་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་གིན་བབས་བྱུང་། ཁ་ཁུ་སིམ་པའི་ཁ་བའི་འདབ་མ་རེ་རེ་ཤེལ་གྱི་དྲ་མའི་ངོས་སུ་གཡོ་ཞིང་འཕྱོ་བའི་འབབ་ལུགས་འདིས་ངའི་དྲན་པ་འདས་དོན་གང་ཞིག་གི་དབྱིངས་སུ་འཐིམ། ལོ་ངོ་ལྔའི་ཡར་སྔོན་གྱི་དགུན་ཁའི་ཞོགས་པ་དེ་ལའང་ཁ་བ་འདི་ལྟར་བྱ་རྒོད་འཚུབ་པ་བཞིན་ང་ཚོའི་ལུང་བ་ཆུང་ཆུང་དེར་བབས་བྱུང་། ནངས་མོ་དེར། ང་དང་ཀུན་ལེགས་གཉིས་བྱ་བ་ཞིག་གི་ཆེད་དུ་ཁ་བ་འབབ་རྒྱུན་ལ་མ་འཛེམ་པར་ལམ་ལ་ཆས་པ་ན། ཀུན་ལེགས་ནི་རླངས་འཁོར་བསྐོར་བ་ལ་བྱ་རྒྱལ་རྒོད་པོའི་ཆེ་བ་བཞིན། བརྐྱངས་ནས་འཕུར་བའི་མཛེས་སྡུག བསྒུམས་ནས་བསྐྱོད་པའི་མཚར་སྡུག ལུས་ཀྱི་ལྗིད་ཤུགས་འཕངས་ནས་ཐད་ཀར་ས་ལ་འབབ་ཅིང་། ཡང་རྩལ་རླུང་ལ་བརྟེན་ནས་དྲང་བོར་མཁའ་ལ་སྙེག་པའི་ཚོད་ལྟ་བུ་ཐིག་པས། ཁོས་ནངས་མོ་དེའི་ཁ་བར་ཅི་མི་སྙམ་པའི་ངང་སྣང་མེད་བྱེད་ཅིང་། ངས་ཀྱང་ཨེ་མི་དྲག་སྙམ།
ཞོགས་པ་དེའི་ཁངས་ལམ་དུ། རླངས་འཁོར་ཡོད་དོ་ཅོག་ཧ་ཅང་གཟབ་ནན་གྱིས་འགྲོ་སྟངས་དེས་རིག་པ་ངང་གིས་གྲིམ་དགོས་པ་ཞིག་ཆགས་འོང་། ངེད་གཉིས་ཀྱང་ག་ལེར་མདོ་རྩེ་ཉག་གར་སླེབས་པ་ན། འཇིགས་སྐྲག་གང་ཞིག་སྲོད་ཀྱི་གྲིབ་མ་བཞིན་སེམས་སུ་འཇབ་འོང་མོད། ཕོ་ཚོད་ཀྱིས་སྔར་བཞིན་སྦྲུལ་ནུར་ཤུལ་ལྟ་བུའི་རི་ངོས་སུ་མར་བབས་པ་ཡིན། མར་ཅུང་བབས་པ་ན། རླངས་འཁོར་ལ་ཁ་ལོ་མེད་པར་གང་སར་ཤུད་དེ་ཡུག་ཡུག་བྱེད། སྐབས་དེར། རྩལ་ཆེ་ཡང་སྟོན་ས་མི་འདུག་ཨང་། ངེད་གཉིས་ནི་བལྟས་བལྟས་རིག་རིག་ལ་གཡང་དུ་ལྷུང་སོང་། རྗེས་སུ། ང་རང་དྲན་མེད་དུ་བརྒྱལ་བ་སངས་དུས། རྐང་མཐིལ་ནས་སྤྱི་གཙུག་བར་དུ་ཟུག་རྔུ་ལྡང་ཞིང་ནད་ཁྲིའི་སྟེང་དུ་གཅིག་པུར་ལུས་འདུག་པས། ཀུན་ལེགས་འཇིག་རྟེན་གྱི་དཀར་ངོགས་ཕྱེས་ནས་བུད་སོང་སྙམ་སྟེ། སྙིང་ན་ཞིང་མགྲིན་པ་བརྣངས། ངག་ཏུ་ཨ་མི་ཐོན་པར་ལུས་པོ་འདར་ཞིང་ནད་ཁྲིའི་སྒང་དུ་མཆི་མ་མང་བོ་ཤོར་ནས་སྡོད་དུས་སུ། སྨན་པ་བསླེབས་ནས་ཀུན་ལེགས་ཀྱི་སྒལ་བར་རྨས་སྐྱོན་ཚབས་ཆེན་ཐེབས་པས། ཧ་ལམ་ཚེ་གང་བོར་ལངས་མི་ཐུབ་པར་བསྙད། ངས་ཀུན་ལེགས་ཀྱི་ལུས་དང་རྣམ་ཤེས་ད་དུང་བར་དོར་ལྷུང་མེད་པ་ཤེས་རྗེས། སེམས་སུ་ཤི་གསོན་ངོ་འཕྲད་པ་ལྟ་བུའི་དགའ་བས་ཁེངས་མོད། བག་ཙམ་ནས་གང་ཞིག་ལ་འདང་རྒྱག་ཆེན་པོས་སྙིང་ཁོང་ཆུ་བཞིན་གྲང་བར་གྱུར། དེ་དུས། ངས་ཚེ་སྲོག་དང་བདེ་ཐང་ནི་བྱ་བ་ཀུན་གྱི་རྨང་གཞིར་སོང་ཙང་། ཁ་བའི་འདབ་མ་གཅིག་ཞུ་བའི་ངང་སྒུག་ཀྱང་མེད་པར་སྲོག་དང་བསྡོས་པས་བྱ་བ་གང་ཡང་འགྲུབ་མི་ཐུབ་པ་གཞི་ནས་རྟོགས།
ཕྱི་རོལ་གྱི་ཁ་བ་འབབ་སྟངས་ལ་ཅེར་ཏེ། ངས་ཞོགས་པ་དེར་ངེད་གཉིས་དེ་ལྟར་བྲེལ་འཚུབ་ཀྱིས་ལམ་ལ་ཆས་མེད་ན། ཀུན་ལེགས་ཀྱི་ཚེ་མཇུག་གདན་ལ་འབྱར་ནས་ཤི་མ་གསོན་གྱིས་སྐྱེལ་མི་དགོས་པར། རང་གི་དགའ་ཕྱོགས་སྣ་ཚོགས་ཀྱི་སྣེ་མོར་ཤུགས་ཀྱིས་གཞུག་ཆོག་བསམས་ཤིང་། ཡང་ངེད་གཉིས་དེ་ལྟར་ལམ་ལ་ཆས་ཀྱང་། བདེ་འཇགས་ཀྱི་འདུ་ཤེས་ཅུང་ཟད་ཡོད་དེ། འཁོར་ལོའི་སྟེང་དུ་དར་འདྲེད་མི་ཐེབས་པའི་ལྕགས་ཐག་ཅིག་སྐོན་ཡོད་ཚེ། ཡང་ན། སྐྱོབ་ཐག་གིས་རང་ཉིད་དམ་དུ་འཆིང་ཡོད་ན། ཀུན་ལེགས་ཀྱི་སྒལ་བར་ཚབས་ཆེན་རང་བཞིན་གྱི་དོན་རྐྱེན་འདི་མི་འབྱུང་ཡང་སྲིད་སྙམ། ཀུན་ལེགས་ཀྱི་སྒལ་བ་བཅག་པ་དེས་གཞན་སུ་ལའང་ཤུགས་རྐྱེན་ཐེབས་མི་སྲིད་མོད། ངའི་རྣ་ལམ་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་ཆུང་ཞིག་རྟག་ཏུ་འཁྲོལ་བར་བྱེད། ལར་ན། གསོན་རྐྱེན་ཉུང་ལ་འཆི་རྐྱེན་མང་ཞེས་པ་བཞིན། འཇིག་རྟེན་དུ་འཆི་རྐྱེན་སྣ་ཚོགས་གཡུང་དྲུང་ལག་འཁྱུད་ཀྱིས་འདུག་ཅིང་། ལྷག་ཏུ་ཚན་རྩལ་གྱི་འཕེལ་ཁ་ཉིན་བཞིན་དར་བའི་དུས་རབས་འདིར་འགྲིམ་འགྲུལ་དོན་རྐྱེན་དུ་གྱུར་པའི་གྲོགས་པོ་ཇི་འདྲའི་མང་ཨང་། ང་ལ་དེ་ལྟར་འགྱོད་པ་རྟས་མི་ཟིན་པ་རེ་སྙིང་ལ་གཅུ་ལོག་གིས་འབྱུང་བ་བཞིན། དོ་དགོང་གི་ཁ་བ་འདིའི་ནང་དུའང་བདེ་འཇགས་ཀྱི་འདུ་ཤེས་མེད་པའི་གྲོགས་པོ་ག་ཚོད་ཅིག་ལམ་ལ་ཞུགས་ཡོད་དམ་ཞེས་ཕྱི་རོལ་གྱི་ཁ་བའི་སྲབ་མཐུག་ལ་བལྟས་པ་ན། སྨྲ་བ་མེད་པའི་ཁ་བས་དཀར་ལམ་མེར་ཁོར་ཡུག་ཁེབས་པར་བྱེད་ལ། ཁ་ཁུ་སིམ་པའི་ཁ་བའི་འདབ་མ་རེ་རེ་མཁའ་དབྱིངས་སུ་ད་དུང་ལྡིང་སྐོར་རྒྱག་བཞིན་འབབ། ཚུལ་དེས་ང་ཡི་ཞེ་ཁོང་ལ་བྲེད་ཤ་བསླངས་ཏེ་འཚིག་ཇ་ཧུབ་གང་མིད་པ་ན། དྲོད་ཁོལ་སྔར་ནས་ཡལ་བའི་འཚིག་ཇ་དེའི་འཚིག་དྲི་ཁ་བོས་བྱང་ཁོག་ཡོད་ཚད་འཁྱག་སིབ་བེར་བཏང་།
གྱེར་ཀློག་པ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་པ། ཟླ་བཟང་སྒྲོལ་མ།
རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
