རང་ལོ་ཉེར་ལྔའི་འཁོར་བགེགས་ཤིག༼བསྡུས་རྩོམ།༽
2025.10.04 ཁུངས། ཀློག་གྲངས། 0

ཨ་ཏའི་བུ་རྒྱུད། (མཚོ་བྱང་།)

རི་ལུང་ཐང་གསུམ་ཚོན་མདངས་ཀྱིས་མ་བྱུག་གོང་། ཁྲི་ཤོར་རྒྱལ་མོས་ཞལ་སྒོ་མ་ཕྱེས་གོང་། མཚོ་སྐོར་འབྲོག་སྡེར་དཔྱིད་རླུང་མ་ལྡང་གོང་། བརྗེད་མི་སྲིད་པའི་དོན་དག་ཅིག་གམ་འགྲེལ་མི་ཐུབ་པའི་གནས་ཚུལ་ཞིག རྨི་ལམ་དང་འཆར་སྣང་མ་ཡིན་པར་ཁོ་བོའི་ཕྱི་ནང་གསང་གསུམ་ནས་མི་འདོད་བཞིན་དུ་སྨིན་པ་ནི་སྐྱ་མོ་ལམ་གྱི་སྐྱོ་གར་མངོན་སུམ་དེ་ཡིན། སྐྱ་མདའ་བཏང་མ་བཏང་གི་བར་གསེང་དེར། ང་རང་ཐད་ཀར་བྱེ་མ་ལ་བདུན་ནས་སྨོན་ལམ་མཐོན་པོའི་ཐོང་འོག་ཏུ་འཐེན་པའི་གཞུང་ལམ་དྲང་མོ་དེ་རུ་ཤི་གསོན་བྱེ་མའི་ལ་ཁར་ལན་གཅིག་སོང་ཚུལ་དྲན་ན། ད་ལྟ་ད་དུང་ཡང་ཤ་རུས་སྦྲིད་ཅིང་ཞེ་རྩ་ན་བ་ཞིག་རེད།

ངས་ནི་འགྲུལ་བཞུད་ཀྱི་དོན་རྐྱེན་ཐེངས་གཅིག་ལས་ཚེ་སྲོག་གལ་ཆེན་གྱི་འདུ་ཤེས་དང་འཚོ་བ་རང་འདོད་ཀྱི་རེ་འདུན། ནང་མི་མཐོ་འཇོག་གི་དྲན་སྐུལ། ཡག་ཉེས་ཞིབ་འབྱེད་ཀྱི་ངེས་པ་སོགས་ཅིག་ཅར་རྙེད་པ་ལགས། སྤྱིར་ལམ་རིང་མོའི་ལྗོངས་རྣམ་ཁ་ཁ་དང་དུས་ནམ་ཟླའི་འགྱུར་བ་ངེས་མེད། རྐྱེན་ཅི་འབྱུང་རྒྱུ་མཚན་སྣ་མང་ཡིན་རུང་། རང་གི་རུ་སྡེ་དང་བར་ཐག་ཅུང་རིང་པའི་མཚོ་མཐའ་འདིར་ང་རང་བོད་སྐད་སྨྱན་སྦྱོར་གྱི་ལས་ཀར་ཞུགས་ནས་ལོ་ངོ་གཉིས་ཙམ་སོང་བའི་ལོ་སྟོད་ཅིག་ལ།   མཚན་གྱི་སྨག་ལམ་ཨམ་གཙིགས་ཀྱིས་བཅད་ཅིང་ལམ་ཁའི་བདེ་གཟར་གློག་འོད་ཀྱིས་འཚོས་ཏེ། ལུས་ཀྱི་ངལ་དུབ་དྲོད་རླངས་ཀྱིས་བསྐྱོར་ནས་དམིགས་སར་འབྱོར་ལ་ཉེ་དུས། ཐང་ཆད་ཀྱི་མིག་ཟུང་རེ་ཆད་ཀྱི་དོང་དུ་ལྷུང་ཞིང་མྱུར་མགྱོགས་ཀྱི་འགྲོས་ཚད་བྲེལ་བྲེལ་གྱི་བློ་ལས་འགོངས་ལ། གཏི་མུག་གི་མལ་ཐུལ་བལྟོས་མེད་ཀྱི་འཕྲང་ནས་གོན་པས། ལྷུ་ལག་གི་ཁྲོག་སྒྲ་དང་རྣོ་ལྕགས་ཀྱི་གཙུབ་བརྡར། ཤེལ་ཆག་གི་བུ་ཡུག  སྣུམ་ཁྲག་གི་རླབས་རྒྱུན། གཅོད་གཏུབ་ཀྱི་འཐབ་མོའི་ཁྲོད། ཅི་ཞིག་གི་བསླུ་བྲིད་དང་སུ་ཞིག་གིས་རྡུང་རྡེག་ཐེབས་པ་བཞིན། ང་གཅིག་པུས་དྲན་པ་གསལ་མ་གསལ་དང་སྒྱུ་ལུས་འདར་མ་འདར། སྨྲ་ལྕེ་འཁྲོལ་མ་འཁྲོལ་ངང་རྨས་ཕོག་པའི་ལག་པ་བསྲིངས་ཏེ་རླངས་འཁོར་གྱི་ཆག་རོའི་ཁྲོད་ཕར་སློག་ཚུར་སློག་དང་ས་གློང་རྡོ་གློང་གིས་རེ་བ་གང་ཡོད་བཅོལ་སའི་ཁ་པར་ཆུང་ཆུང་དེ་བཙལ་ཐབས་བྱས། གློག་བརྙན་ག་གེ་མོ་ལས་མཐོང་བའི་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་ཞིག་དྲན་པའི་མོད་ལ་ཁ་པར་གྱི་འཆར་ངོས་མཐོང་ཐུབ་པ་བྱུང་བས། འཕྲལ་མར་རོགས་སྐྱོབ་རེ་འདོན་གྱི་སྐད་ཆ་དག་མགོ་རྔ་མེད་པར་བཤད། དེ་དུས་ཆེས་ཐོས་གྲངས་མང་བའི་སྐད་ཆ་ནི“ཁྱོད་རང་བསད་མེད་པ་དེ་ལས་ཡག་སོང་། རླངས་འཁོར་ལ་ཅི་བྱས་ན་བྱས”ཟེར་བ་དེའོ། ། “ལས་མཁན་ལྔ་བོས་ལ་བདུན་མ་རྙེད་ཅིང་། །ལས་ཀྱི་གཤིན་རྗེར་ཁོམ་ལོང་མེད་པས་མིན། །ལས་འཕྲོ་འདི་ལ་སྙིང་རྗེ་ཚད་མེད་ཀྱིས། ། ལས་སྒྲིབ་དག་ཕྱིར་རེ་ཞིག་བཞག་པར་སྙམ། །”ཞེས་པ་ནང་བཞིན།  ལས་གྲོགས་ཤིག་གིས་སྨན་ཁང་དུ་སྐྱེལ་དུས་དང་ཟི་ལིང་དུ་ཞག་སྡོད་བྱེད་དུས། རྒྱུ་ནོར་གྱི་གྱོང་གུད་ཐེབས་དུས་དང་ཁྱིམ་མི་ཚོས་རིམ་གྲོ་སྒྲུབ་དུས། ལོ་རེ་རེའི་རྗེས་དྲན་ཉིན་མོ་སོགས་གང་གི་སྐབས་ཡིན་ནའང་ཆོག གང་ལྟར། བསམ་གཞིག་རྫོགས་མེད་ཅིག་བསྟིམས་ཡོང་བའི་ལོ་ཟླ་འགོར་གྱིན་འགོར་གྱིན་ཁོ་བོའི་འཁོར་བགེགས་འདི་རྩོམ་ཡིག་ཅིག་གི་བརྗོད་བྱ་ཙམ་མིན་པར་བདེ་འཇགས་སྟོན་པའི་མྱོང་ཁྲིད་ཅིག་རེད་སྙམ་པ་བྱུང་།  ཅུང་ཙམ་ལ་ཅི་སྐྱོན་དང་ཉུང་ཙམ་གྱིས་མི་སྐྱོན་ཟེར་བའི་གྱོད་སྣ་འདྲེན་སྟངས་སམ་དོན་རྐྱེན་བསུ་སྟངས་འདི་ང་མིན་ཚང་མའི་རྒྱུན་གཤིས་སུ་ཡོད་པ་ཤ་སྟག་སྟེ། དངོས་པོའི་དཔལ་ཡོན་ཡར་ངོའི་ཟླ་བཞིན་འཕེལ་ཞིང་གང་དྲན་མངོན་འགྱུར་ཕལ་ཆེར་ལག་ཏུ་སོན་པའི་དུས་རབས་འདིར། ལོ་ལམ་ཟླ་གཅོད་དང་ཟླ་ལམ་ཉིན་གཅོད་ཡིན་པས། ཁོ་བོས་ཀྱང་རྨ་ཕར་ཚུར་འགྲོ་ཞོར་བཅད་ཅིང་མཚོ་གཡས་གཡོན་འདུག་ཞོར་བསྐོར་བའང་བགྲང་གིས་མི་ལངས། ཀྱག་ཀྱོག་དང་བདེ་ཁོད་མི་སྙོམས་པའི་ལམ་ཆེན་ལམ་ཆུང་མང་པོ་ལང་ཚོའི་ཉམས་ཀྱིས་གཏུབ་ཅིང་སྣང་བའི་གཏམ་གྱིས་བཅད་དེ་ཕོ་ལོ་སུམ་ཅུའི་སྒོ་ཐེམ་ལ་སྤོ་དུས་འདིར། ཕ་ཨ་ཁུ་རྣམས་ཀྱི་འོག་དང་ནང་ཕུ་ནུ་ཡོངས་ཀྱི་གྲལ། བུ་བུ་མོ་གཉི་གའི་དཀྱིལ་དང་ཁྱིམ་ཆུང་མ་ཁོ་ནའི་རྩིབ། དྲིན་ཨ་མ་ཁེར་མོའི་སེམས་ནས་འདི་ལྟར་བསམ།

ང་ཚོ་མི་སུ་ཡིན་ཡང་འགྲོ་འདུག་ཉལ་འཆག་ཀུན་སྟབས་བདེ་གང་བདེར་ཕྱོགས་པ་ཨ་གསལ་ཨོཾ་དག་ཡིན་པས། སྐྱིད་ཉལ་གྱི་བསོད་ནམས་དང་བདེ་བགྲོད་ཀྱི་ལས་དབང་ཡོད་མེད་ལ་མནོ་བསམ་རེ་ཅིས་ཀྱང་གཏོང་དགོས་ཏེ། རྐང་ཚེགས་གོམ་ཚེགས་འཕྲུལ་ལ་བཅོལ་ཞིང་ལུས་ཚེགས་སེམས་ཚེགས་གློག་ལ་རེ་བའི་ད་ལྟའི་ཆར། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནི་དུས་ནམ་ཡང་འགྲོ་རོགས་ཀྱི་གྲིབ་མ་བཞིན་བསྐུངས་ཤིང་འདུག་རོགས་ཀྱི་པུས་མོ་ལྟར་གནས་ཡོད་པ་ཞིག་གོ། །

གྱེར་ཀློག་པ། རང་གྲོལ་རྡོ་རྗེ།

རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རོལ་མོ་སྒྲིག་སྦྱོར། འབྲུག་ཆུང་རྒྱལ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ། དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། རྟ་མགྲིན་འཚོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།