འཇིག་རྟེན་བརྡ་དང་ཐ་སྙད་ཀྱི་དབང་དུ་བྱས་ན་རི་བོ་ཞེས་པའི་མིང་འདི་ནི་ཤིན་ཏུ་དམིགས་བསལ་གྱི་བརྡ་ཞིག་ཡིན། གུས་ལུགས་དང་རྩིས་ཐང་གི་ཆ་ནས་བལྟས་ནའང་རི་ཆུ་གཉིས་ནི་ཕ་མ་གཉིས་ཀྱི་ངོ་བོར་འབྲེལ་བའི་རིག་གནས་ཀྱི་ལྟ་གྲུབ་ཆེན་པོ་ཞིག་གདོན་དང་ཡེ་ནས་ཐོན་ཡོད། དེ་བཞིན་རི་དང་མཚོ་མོའི་འབྲེལ་བ་ནི་ཕ་མ། ཐབས་ཤེས། ཟུང་འཇུག གནམ་ས་སོགས་ཀྱི་རྟེན་འབྲེལ་རང་བཞིན་གྱི་ངོ་བོ་དབྱེར་མེད་དུ་གྲུབ་ཡོད།
ད་ནི་དུས་བཟང་འདིའི་ནང་ལ་འཇིག་རྟེན་ཕ་ལྟ་བུའི་རི་བོ་མཐའ་དག་གི་གདགས་སྲིབ་ཀུན་ཏུ་སྔོ་ཡར་སྐྱེས་ཀྱི་ལྡུམ་དྲིས་ཕྱོགས་ཀུན་ཁྱབ་ཅིང་སྐྱིད་མེ་ཏོག་གི་ངད་ཁས་རི་ལུང་སིམ་ནས་ཡོད་པས་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་བོང་སྟག་ས་ཁུལ་ལ་མཚོན་ནའང་འབྲོག་ས་ཡིན་ལ། རི་དང་ར་བ་སོགས་ཕྱོགས་གང་ཆ་ནས་ཀྱང་འགྲོ་བ་ཀུན་གྱི་དཔལ་དུ་གྱུར་པས་ཐུགས་རྗེ་འགྲོ་བའི་དོན་མཛད་ཀྱི་ལྷ་རྗེ་མཐའ་དག་གིས་སྨན་ཁང་གི་སྨན་སྦྱོར་ལས་ཀ་དེ་སྔ་ལམ་འཕྲོར་མཐུད་དང་བག་ཆགས་ཕྱི་འཇོག་ཅིག་ཡོང་ཆེད་སྔོ་སྨན་ངོས་འཛིན་བྱེད་མུས་ཡོད།
ད་ནི་ཁོ་ཚོ་སྔོ་སྨན་འཐུ་སའི་ཡུལ་ལ་འགྲོ་རྒྱུའི་སྟ་གོན་བྱེད་མུས་འདུག ཐེངས་འདིའི་སྔོ་སྨན་འཐུ་བའི་ལས་ཀ་འདི་བྱེད་པར་སྨན་ཁང་གི་སྨན་པ་ཚང་མ་ཡོད་ལ། ད་དུང་བོད་ཀྱི་གསོ་བ་རིག་པའི་མཁས་པ་རྒན་པ་རེ་འགའ་ཡང་གདན་དུ་དྲངས་ཡོད།
ཡུལ་འདིའི་རི་བོའི་ཕྲེང་རྒྱུན་ལ་བཅུད་ཁ་རྒྱས་པའི་སྔོ་ཡི་ཁམས་ཆེན་པོས་བཟུང་ཡོད་ལ། དགེ་སློབ་མཐའ་དག་གིས་ཀྱང་སྒྱུ་ལུས་གཡར་པོར་འབྲེལ་བའི་སྨན་སྣ་ངོས་འཛིན་ལ་དབུ་བརྩམས།
ལས་འདི་ནི་མ་གཞི་ནས་རྟེན་འབྲེལ་རང་བཞིན་ལ་ཤུགས་ཆེ་བའི་བྱེད་སྒོ་ཞིག་རེད། དེ་བས་ཐོག་མར་སློབ་མ་དག་ལ་ངོ་སྤྲད་རྒྱུའི་སྔོ་སྨན་ལའང་སྨན་རྒན་དག་གི་ལུགས་དང་ལག་ལེན་ལྟར་འགྲོ་བ་ཞིག་རེད།
རྟེན་འབྲེལ་དེ་ཚང་བ་དང་སློབ་མ་དག་གིས་རང་རང་ས་ནས་ལག་ལ་གང་སོན་གྱིས་སྔོ་སྨན་འཐུ་མུས་འདུག དགེ་རྒན་དག་གིས་ཀྱང་ངོས་འཛིན་གང་ལེགས་བགྱིས་ལ། གནས་དང་ཡུལ་གྱི་ཆ་ནས་རི་བོའི་གདགས་སྲིབ། སྔོ་སྨན་ཁོ་ནའི་སྟེང་གི་རྩ་བ་དང་ཡལ་ག ལོ་མ་དང་འབྲས་བུ་སོགས་རེ་རེ་བཞིན་དབྱེ་བ་བཀར་ཞིང་གསུངས།
སློབ་མ་དག་གིས་ཀྱང་དགེ་རྒན་གྱིས་གསུངས་པ་མཐའ་དག་ཟིན་འགོད་དང་སྒྲ་ལེན། བརྙན་ཕབ་སོགས་བྱེད་བཞིན་ཡོད་ལ། ད་དུང་སློབ་མ་ལ་ལས་འཁྲུངས་དཔེའི་སྟེང་གི་རི་མོ་དང་ཡུལ་དེའི་མེ་ཏོག་གི་དབྱིབས་དང་ཁ་དོག་ལ་བསྡུར་བའང་བྱེད་བཞིན་འདུག
ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན་ཟེར་བ་ལྟར་སྔོ་ཡི་རིགས་སུ་གྱུར་པ་ཐམས་ཅད་ཀྱང་སྨན་མ་ཡིན་པ་ནི་གཅིག་ཀྱང་མེད་པའམ་སྔོ་མི་སྐྱེ་བའི་ཡུལ་ཡང་གཅིག་ཀྱང་མེད་མོད། འོན་ཀྱང་སྐྱེ་གནས་དང་འབྱུང་ལྔའི་ཆ་ཤས་ཆེ་ཆུང་དབང་གིས་དེ་དག་ལ་ནུས་པ་ཁྱད་པར་ཅན་འབྱུང་བས་སྔོ་སྨན་འཐུ་སྒྲུབ་དང་སྦྱོར་བ་གང་ལའང་ངེས་པར་དུ་གཅེས་པའི་ཡན་ལག་བདུན་དང་ལྡན་དགོས་པ་ཡིན།
ཀྲུང་གོ་ལྟ་བུ་ལ་མཚོན་ན་ཧི་ནན་ཞིང་ཆེན་དང་ཨན་ཧེ་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན་སོགས་ནི་སྔོ་སྨན་འདེབས་འཛུགས་ཀྱི་ས་ཁུལ་ཆེ་ཤོས་དག་ཡིན་ལ། ཡུལ་ལུང་ཆེན་པོ་འདི་དག་བརྒྱུད་ནས་རྒྱུན་རིང་བའི་འདེབས་འཛུགས་ལོ་རྒྱུས་ལྟར་འཛམ་གླིང་གི་ཡུལ་གྲུ་གང་སར་སྨན་རྩྭ་མཁོ་འདོན་བྱེད་མུས་ཡོད།
ད་ནི་དགེ་སློབ་ཡོངས་ཀྱིས་སྐྱེ་སར་སྐྱེས་པའི་སྔོ་རྣམས་དུས་སུ་བཏུས་ཤིང་ཡུལ་ཁམས་དེ་ནས་ཐོན་པའི་ཆུས་གཙང་མར་བཀྲུས་པ་མ་ཟད། སྐམ་གསེད་ཀྱང་ལེགས་པར་བྱས།
རི་ལས་བཏུས་པའི་སྨན་རྩྭ་དག་ལ་སྐམ་གསེད་གང་ཡག་བྱས་རྗེས་ཁོ་ཚོ་ཕྱིར་སྨན་ཁང་དུ་ལོག་ཡོད་ལ། སྨན་སྦྱོར་ཚན་ཁག་ཏུ་རྒྱ་མར་འཇལ་བ། སྡེབ་ཁ་སྒྲིག་པ། དུག་འདོན་བྱེད་པ། འཕྲུལ་འཐག་བྱེད་པ། རིལ་བུ་བཟོ་བ། སྣོད་ལ་འཇུག་པ་སོགས་བྱེད་བཞིན་འདུག
རི་ལས་སྐྱེས་པའི་ལྗང་བ་ཉག་གཅིག་གི་ངོ་བོ་སྨན་དུ་བསྒྱུར་བའི་བདག་རྐྱེན་གྱིས་ཉེར་བཞིའི་ལུས་དང་འབྲེལ་བའི་བདེ་ཐང་གི་ཚེ་སྲོག་ཅིག་ལ་དབུགས་ཀྱི་རྒྱུ་བ་ཐེངས་གཅིག་བསྩལ་བའི་རྒྱུ་འབྲས་སུ་གྲུབ་ལ། ནད་པ་དང་སྨན་པ། སྨན་རྫས་གསུམ་གྱི་འབྲེལ་བ་སུམ་ཚུགས་ཤིག་ཀྱང་ཐོན་ཡོད།
དེ་བཞིན་དུ་འཛམ་བུའི་གླིང་འདིར་སྔོ་སྨན་ཆེས་མང་བའི་རྒྱལ་ཁབ་ནི་ཀྲུང་གོ་དང་འཇར་མན། རྒྱ་གར་སོགས་ཡིན་ལ། སྨན་ཏོག་གི་ཐོན་ཁུངས་ཕུམ་སུམ་ཚོགས་ཕྱིར་འཛམ་གླིང་ཡོངས་ཀྱི་ཁྲོམ་རའི་ཁྲོད་ཀྲུང་གོའི་རང་བྱུང་སྐྱེ་དངོས་ཀྱིས་བརྒྱ་ཆའི་བདུན་ཅུ་ཙམ་ཟིན་ཡོད་པས་སྔོ་སྨན་གྱི་ཁམས་ནས་གོ་གནས་ཆེན་པོ་ཞིག་བཟུང་ཡོད། དེ་ལྟར་མཐོ་དབུས་མཐོ་སྒང་སྟེང་རྩི་ཏོག་སྨན་ཏོག་གིས་གཏམས་པའི་རི་བོ་ཆེ་ཆུང་མཐའ་ཡས་པ་དག་ལ་དགའ་བ་མོས་པ་འགོག་མེད་ཅིག་ཡོད་སྲིད་ལ། དེ་དང་འབྲེལ་ཟམ་རིང་དུ་བསྲིངས་ན་རི་བོ་རྐྱང་དཀར་ཡང་གནས་དེའི་བསྟོད་བྱའི་ཡུལ་དང་བསྟོད་པའི་ཁམས་སུ་འདུས་པ་ཉག་གཅིག་ཏུ་གྱུར་ཡོད།
དེ་རིང་ནི་བོད་ཟླ་དྲུག་པའི་ཚེས་པ་བཅུ་དྲུག་ཏུ་ཁེལ་ཡོད་པས་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་ཁུལ་ཐོག་ནས་སིལ་ཏོག་དང་ཀ་ར་སོགས་ཉོས་པ་མ་ཟད། ལམ་ལ་ཆས་ནས་བྲེལ་བྲེལ་གྱིས་བྱང་ཆུབ་སྡེ་བའི་གཞིས་རྙིང་དུ་ཆས།
ཁྱིམ་ལ་ཐོན་ནས་སྡེར་ཁ་ཙམ་བསྒྲིགས་ཤིང་བདེ་ལ་བབ་ཙམ་བྱུང་བ་དང་དེ་མ་ཐག་ནས་སྤུན་ཆུང་དང་ལྷན་དུ་མདའ་ཤིང་བཟོ་བའི་ལས་ཀ་ལ་ཞུགས།
མདའ་ནི་སྤྱིར་བཏང་དུ་གཡུལ་དང་རྔོན་ལ་སྤྱོད་པའི་རིགས་ཤིག་ཡིན་མོད། མིའི་འཚོ་བའི་གཞི་རྐང་ལ་བབས་ན་མདའ་ནི་རྩད་པ་ཕྱོགས་བཅུར་རྒྱས་པ་ལྟ་བུའི་ནུས་པ་ཅན་ཞིག་ཡིན། སྲིད་པའི་སྨྱན་དང་འབྲེལ་བའི་གཉེན་མདའ། བཀྲ་ཤིས་ནོར་དང་འབྲེལ་བའི་གཡང་མདའ། སྒྱུ་ལུས་སྲོག་དང་འབྲེལ་བའི་ཚེ་མདའ་སོགས་ཤིན་ཏུ་མང་མོད། དེ་རིང་གི་མདའ་འདི་ནི་སའི་ཁམས་ཆེན་པོར་བརྗིད་ཀྱིས་འགྱིང་བའི་རི་ཆེན་རྩེ་མོ་ནས་དགྲ་ལྷའི་དཔུང་བསྟོད་པའི་མདའ་རུ་གོ
ད་ནི་ཁོ་བུ་སྤུན་གཉིས་ཀྱིས་མདའ་ཤིང་རིང་པོ་དེ་བཟོས་ནས་ཚགས་སུ་ཆུད་ལ་ཡོད། སྤྱིར་བཏང་མདའ་ཤིང་འདི་འདྲ་ཞིག་བཟོ་བར་དུས་ཡུན་ཉིན་གཅིག་ཙམ་དགོས་མོད། དེང་གི་སྐབས་འདིར་ཤིང་འདྲ་བ་དང་གཏུབ་པ། གཤོག་པ་སོགས་འཕྲུལ་ཆས་གང་ལ་གང་འཚམ་རེ་ཡོད་པས་ལས་ཀ་དེ་མགྱོགས་པོར་གྲུབ། ད་ནི་ཚ་བོ་གཉིས་ཀྱིས་ཀྱང་ཚོན་ཁ་བསྡེབས་ནས་མདའ་ལ་ཚོན་རིས་གཏོང་བའི་སྟ་གོན་བྱེད་བཞིན་ཡོད།
ཁོ་གཉིས་ཀྱིས་མདའ་ལ་ཚོན་ཁ་གཏོང་ས་ཆེན་པོ་དག་ལ་བཏང་བ་དང་ཚ་བོ་གཉིས་ཀྱིས་ཕྲ་ས་དང་ཆུང་ས་དག་ལ་ཚོན་ཁ་གཏོང་མུས་འདུག
མདའ་ཤིང་བཞོགས་ནས་མདའ་གྲུབ་པ་དང་དེ་ལ་མདངས་དང་ལྡན་པའི་ཚོན་ཁ་བཏང་རྗེས་མདའི་རྩེ་མོར་དར་ཡུག་ཁ་གང་མ་ཞིག་བཏགས་བྱུང་ལ། ད་ནི་ལབ་ཙེ་སྟོད་པར་འཁྱེར་རྒྱུའི་མདའ་ཤིང་དེ་ཡོངས་སུ་རྫོགས་པར་གྲུབ། ཁོ་ཚོས་ཀྱང་དང་ཇ་དང་སྐོམ་ཆུ་སོགས་འཐུང་ནས་ངལ་ཅུང་ཙམ་གསོས།
འདི་ལྟར་དེ་རིང་གི་སྟ་གོན་ཆུང་ཆུང་འདི་ལས་ཀྱང་རུ་སྡེ་ལ་རྟེན་པའི་ཕུ་ནུ་ཞིག འཁོར་བ་ལ་རྟེན་པའི་ཁྱིམ་གཞིས་ཤིག མདའ་ཤིང་ལ་རྟེན་པའི་མདའ་དར་ཞིག ལབ་ཙེ་ལ་རྟེན་པའི་རྨུ་ཐག་ཅིག་མཐའ་དག་རྟེན་འབྱུང་གི་ངོ་བོས་ཡོངས་སུ་གཏམས་ཡོད་ལ། དེ་ཡང་བཀའ་དྲིན་བདག་རྐྱེན་གྱིས་བཀྱགས་པའི་རི་བོ་དང་རི་བོའི་ཁམས་དེ་ལ་མ་འབྲེལ་བ་མེད་པར་སྣང་། སྤྱིར་རི་བོ་ཆེན་པོ་ལ་འབྲེལ་བར་བྱེད་པ་དང་བསྙེག་པར་བགྱིས་པ། བཀུར་བར་བྱེད་པ་སོགས་ནི་འཛམ་བུ་གླིང་གི་མི་ཀུན་ལ་ཡོད་པའི་གཤིས་སྤྱོད་ཅིག་ཡིན་ལ། དེ་ལྟར་བགྱིས་ཚེ་སོ་སོ་རང་ཉིད་ཀྱི་དམིགས་པ་རྩེ་གཅིག་ལྟར་མི་གཞི་ཀུན་སྤྱོད་ཀྱི་ཆ་ནས་ཀྱང་སྤྱོད་པ་ཆེན་པོར་འགྱུར་བ། བློ་རྒྱ་ཆེན་པོར་ཆགས་པ། ཤེས་རབ་ཆེན་པོ་འཕེལ་བ་སོགས་ཀྱི་རྟེན་འབྱུང་གི་ངོ་བོ་ཞིག་ཀྱང་རང་བཞིན་གྱིས་ཐོན་ཡོད།
འདི་ནི་ཀན་སུའུ་ཞིང་ཆེན་འབྲུག་ཆུའི་ས་ཁུལ་གྱི་རི་བོ་བསྟོད་པར་བགྱི་བའི་རུ་སྡེ་ཞིག་ཡིན། རུ་སྡེ་དེས་ལོ་རེ་བཞིན་ལྔ་བའི་ཚེས་ལྔ་ཉིན་ལ་རང་ས་རང་ཡུལ་གྱི་རི་བོའི་རྩེ་མོའི་ལབ་ཙེ་བརྩིགས་ནས་བསྟོད་པ་ཐེངས་གཅིག་བྱེད་པའི་གོམས་སྲོལ་བསྒྱུར་དུ་མེད་པ་ཞིག་ཡོད།
ཞོགས་པའི་སྐྱ་རེངས་བཀྱགས་པ་ནས་བཟུང་སྡེ་བའི་ན་གཞོན་ཕོ་མོ་ཆ་བྱས་ནས་རི་མགོ་ལ་ཆས་པ་མ་གཏོགས་ཡ་བྱས་ནས་འགྲོ་སྲོལ་མེད་ལ་ཡར་རི་མགོར་ཆས་དུས་ཀྱང་འཕྲོ་རིམ་འཕྲོར་བསྒྲིགས་ནས་རིའི་རྩེ་མོ་ལ་འགྲོ་བ་ཡིན། ལམ་བར་ནས་ཆབ་དང་ཆུ་མགོར་འཕྲད་པ་དང་ལོ་མང་པོ་འགོར་བའི་སྡོང་བོ་ཆེན་པོ་ལ་འཕྲད་པའི་སྐབས། དེ་དག་རེ་རེ་ལ་བསྟོད་པ་བྱེད་པ་དང་དེ་དང་ཞོར་དུ་ངལ་གསོ་བ་དང་བཀྲ་ཤིས་པའི་བསྐོར་བ་བྱེད་པ། ཞབས་བྲོའི་སྟངས་སྟབས་ཀྱི་བགྱི་བ་ཆད་མེད་དུ་བསྒྱུར་འགྲོ་བ་ཞིག་རེད།
རི་བོ་མཐོ་བ། གཡང་ཆེ་བ། གཟར་དྲག་པ། ཤིང་ནགས་འཛིང་བ། བརླན་ཆེ་བ་སོགས་ཀྱི་དབང་གིས་སྐེད་ལམ་དེད་ནས་མ་གཏོགས་རི་རྩེ་ལ་ཐར་ཐབས་མེད་པ་ཞིག་རེད། གནས་རི་བསྟོད་མཁན་དག་གིས་དབྱར་ཉི་རིང་བོའི་ཕྱེད་ཀ་ཙམ་སྤྱད་པས་ད་གཟོད་རི་རྩེར་སླེབས།
རིའིི་རྩེ་མོར་སླེབས་པ་དང་ལབ་ཙེ་བསྟོད་པ་དང་བྲོ་ཟ་བ། ངལ་གསོ་བ་ཞིག་ཡིན་ལ། དེ་བཞིན་དུ་སྐྱེས་པ་དག་གིས་ཤིང་ཤུག་པའི་ཤིང་ལོ་འཐུ་བ་དང་སྐྱེས་མ་རྣམས་ཀྱིས་ཤིང་སྟག་མའི་མེ་ཏོག་འཐུ་བ་སོགས་བྱེད་པ་ཡིན།
ཕྱིར་རུ་སྡེའི་ནང་ལ་བསླེབས་ན་སྡེ་བའི་རྒན་པ་ཕོ་མོ་ཡོངས་སུ་རྫོགས་པ་ཕྱིར་ཕེབས་ཀྱི་ལམ་ཁར་འབྱོར་ནས་གནས་རི་བསྟོད་པར་ཆས་པ་ཡོངས་ལ་བསུ་མ་བྱེད་པ་དང་། ན་གཞོན་དག་གིས་རང་རང་སོ་སོའི་ལག་གི་ཤུག་ལོ་དང་སྟག་མའི་མེ་ཏོག་གི་སྐྱེས་སྟེར་བ་སོགས་བྱེད།
དེ་ལ་འཇིག་རྟེན་གསང་བའི་རྟེན་འབྲེལ་གྱི་ཆ་ཆེན་པོ་ཞིག་ཀྱང་ཡོད་དེ། རི་བོར་བསྟོད་པ་བྱེད་མཁན་ལ་ཕ་རྒྱུད་ལས་ཐོན་པའི་ཤུག་ལོའི་ལེགས་སྐྱེས་ཐོབ་ན་རང་ཁྱིམ་དུ་བུ་སྐྱེས་པ་དང་སྟག་མའི་མེ་ཏོག་ཀྱི་ལེགས་སྐྱེས་ཐོབ་ན་བུ་མོ་སྐྱེས་པ་སོགས་རིགས་རྒྱུད་སྐྱེ་འཕེལ་གྱི་ཆ་ལ་དམིགས་པའི་སྨོན་ལམ་དང་རྟགས་རྟེན་འབྲེལ་ཡང་དུ་མས་གྲུབ་པ་ཞིག་རེད།
སྲོད་ཀྱི་དུས་ལ་སྡེ་མི་འདུས་ནས་དཔའ་ཆང་འཐུང་བ། སྒོར་བྲོ་འཁྲབ་པ། གླུ་གཞས་གཏོང་བ་སོགས་འཇིག་རྟེན་རྟེན་འབྲེལ་གྱི་རྩེད་མོའི་རྣམ་པ་ཤུགས་ཆེར་མངོན་ནས་ཡོད།
འདི་ལྟར་ཁྱབ་ཆེ་ས་ནས་འཇིག་རྟེན་སྟེང་གི་ཆེས་ཆེ་བའི་རི་བོ་ནི་རི་བོ་མའོ་ན་རོ་ཡ་ཡིན་ལ། ཆེས་རིང་བའི་རི་རྒྱུད་ནི་ཨེན་ཌིས་རི་རྒྱུད། དེ་བཞིན་དུ་ཆེས་མཐོ་བའི་རི་བོ་ནི་རི་བོ་ཇོ་མོ་གླང་མ་ཡིན། དེ་བཞིན་ཁྱབ་ཆུང་ས་ནས་རྨ་ཆུའི་ལྷོ་ཁམས་སུའང་ཨ་མྱེས་སྟག་ལུང་དང་ཨ་མྱེས་བྱ་ཁྱུང་སོགས་རི་བོ་མང་དུ་སྣང་ཡང་། སྡེ་བ་འདིས་རང་ས་རང་ཡུལ་གྱི་སྡེ་དང་ཕུ་ནུ་འདུག་སའི་གནས་ཡུལ་དུ་འགྱིང་བའི་ཨ་མྱེས་རྐྱང་དཀར་བསྟོད་པ་འདིའང་རང་སེམས་ལ་ཤར་བའི་རི་ཆུའི་སྣང་བ་དང་རང་རྒྱུད་ལ་འགོས་པའི་རི་ཆུའི་བག་ཆགས། རང་སྟོབས་ལ་བསྟུན་པའི་རི་ཆུའི་བཀའ་དྲིན་སོགས་དང་གཏན་དུ་འབྲེལ་ཡོད་པ་ཞིག་རེད།
སྤྱིར་ཟང་ཟིང་གི་འཚོ་བའི་ཁྲོད་ཕ་ཡི་དྲིན་ལན་ཤེས་པ་ནས་རི་ལ་བརྩེ་བ་ཇེ་ཆེ་ནས་ཇེ་ཟབ་ཏུ་འགྲོ་བའང་ལྡོག་ཏུ་མ་གྱུར་བའི་གོམས་འདྲིས་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། རི་བོ་ལ་ཁ་ཚིག་དར་ལུང་གིས་རྒྱན་འདོགས་དུས་ཀྱང་ས་འཛིན་ནོར་བུ་ཆ་བདུན་ཟེར་ལྟ་བུ། རི་མཐོན་པོ་གནམ་གྱི་ཀ་བ་ཟེར་བ་ལྟ་བུ། རི་ཕྱོར་ཡག་བྱུ་རུའི་ལྷུན་པོ་ཟེར་བ་ལྟ་བུ་སོགས་ཚིག་གི་བདུད་རྩིས་བཀྱགས་པ་ལྟ་བུ་ཞིག་ཡིན་ལ། ད་ནི་ཕ་ཡུལ་དང་བྲལ་ནས་ཕྱི་ཕྱོགས་སུ་ཡོད་ནའང་ལོ་རེར་རི་བོར་གནས་བསྟོད་དུ་ཐེངས་རེར་ཐོན་པ་ནི་དྲིན་ཆེན་ཕ་ལ་ཞལ་མཇལ་དུ་སླེབས་པ་དང་གཅིག་མཚུངས་སུ་འགྲོ་བ་ལྟ་བུ་ཞིག་རེད།
ཞོགས་པར་ཁོས་གོས་སྒམ་ལས་བོད་ལྭ་བླངས་ཤིང་གོན། ཁོས་མདའ་ཤིང་གི་སྟེང་ལ་དར་ཁ་ཞིག་བཏགས་པ་མ་ཟད། འབྲི་མར་སེར་པོ་ཞིག་ཀྱང་སྐུས། དེ་དང་ཞོར་དུ་ཤུག་པ་མེ་ལ་བསྒྲོན་ནས་གཙང་སེལ་ཡང་ཡང་བྱས་ཏེ་ལམ་ལ་ཆས།
སྡེ་བའི་མི་མང་པོ་ཞིག་གིས་འཕྲུལ་རྟ་ཞོན་ནས་རི་འགོར་འགྲོ་བཞིན་ཡོད་ལ། ཁོ་གཞིས་རྙིང་གི་སྒོ་ལ་བུད་པ་དང་སྡེ་བའི་ཁྱིམ་ཚང་རེ་འགས་ལབ་ཙེ་སྒང་ལ་མདའ་མོ་སྐྱེལ་བའི་རླངས་འཁོར་དང་ཐོ་ཐུག་བྱུང་སྟེ་ཁོས་ཀྱང་མདའ་ཤིང་རླངས་འཁོར་ལ་བརྩིགས།
དེ་ལྟར་རི་འདབས་བར་དུ་རླངས་འཁོར་གྱི་ལམ་ཡོད་པ་རེད། ལམ་མེད་ས་ནས་ཁོ་ཚོ་ཚང་མས་རང་རང་གི་མདའ་མོ་ཁུར་ནས་རྐང་ཐང་དུ་འགྲོ་བ་ཞིག་རེད།
ལབ་ཙེ་བསྟད། རླུང་རྟ་སྤུར། ཀི་བསྭོ་ལྷ་རྒྱལ་འཐེན་པ་མ་ཟད། གནས་དེར་འཛོམས་པ་ཡོངས་ལ་བཀྲ་ཤིས་ཞོ་གསར་ཞིག་བགོས་ཤིང་ཕུལ། ཁོ་ཚོས་ཀྱང་རེ་རེ་བཞིན་ལག་པའི་མཐིལ་ལ་བླངས་ཤིང་ཁ་ལ་རེག
སྡེ་བ་འདི་ལྟ་བུ་ལ་མཚོན་ན་ཞིང་ཕྱུགས་གཉིས་ཀའི་འབྲེལ་མཚམས་སུ་གནས་པའི་འཚོ་བའི་ཁ་ཕྱོགས་ཅན་ཞིག་རེད། དེ་བས་རི་བོ་བསྟོད་པའི་སྐབས་ལའང་ཕྱུགས་དང་འབྲེལ་བའི་བལ་གྱི་རྨུ་ཐག་གིས་བསྟོད་པ། ཞིང་དང་འབྲུ་ལ་འབྲེལ་བའི་གྲོ་འབྲུ་ནས་འབྲུས་བསྟོད་པ་ཞིག་རེད།
དེ་ལྟར་མི་རྣམས་ཀྱི་འཚོ་བའི་ཁ་ཕྱོགས་དང་འབྲེལ་ནས་རི་བོ་བསྟོད་པར་བགྱི་བའང་ཆོས་ཉིད་ཅིག་ཡིན་ལ། ཆོས་ཉིད་དེ་དང་བསྟུན་ནས་ཆོ་ག་དེའང་ཆད་མེད་དུ་བགྱིས་ཏེ་སྲོལ་དང་གོམས་འདྲིས། ལུགས་ལྟ་བུ་ཞིག་ཏུ་ཆགས་འགྲོ་བའང་རིག་གནས་ཀྱི་གྲུབ་སྟངས་ཁྱད་པར་བ་ཞིག་ཀྱང་ཡིན་མོད། འོན་ཀྱང་དུས་ལ་བསྟུན་པའི་ས་གཤིས་ཀྱི་འགྱུར་བའང་རབ་དང་རིམ་པ་ཞིག་བྱུང་མུས་ཡོད་ལ། རིམ་པ་དེའི་ཁྲོད་དུ་གསེར་དང་བྱེ་མ་མཉམ་འདྲེས་སུ་བྱུང་བ་ལྟ་བུའི་གཏམ་རྒྱུད་གཞན་ཞིག་ལའང་དབུ་རྩོམ་བཞིན་ཡོད།