【རྟེན་འབྱུང་།】ཆུ་ཡི་རབ་བྱེད།
2025.06.20 ཁུངས། ཀློག་གྲངས། 12

图片

图片

དགུན་ཆུ་ནི་དུས་ཀྱི་དབང་དུ་བལྟས་ན་འཁྱག་པའི་སྦུབས་སུ་ཚུད་ནས་ཟླ་ངོ་གསུམ་ཙམ་འགོར་བའི་དར་གྱི་ངོ་བོ་ཅན་ཞིག་ཡིན་ལ། ཆུ་བོ་གཉིད་ལས་སད་ཅེས་པའི་སྐབས་ནི་དཔྱིད་མགོ་མའི་དུས་ལ་བབས་ནས་དྲོད་ཀྱི་རང་བཞིན་འཕེར། དར་གྱི་ངམ་ཁ་ཉིལ། བསྡམས་པའི་ངར་ཤུགས་ལྷོད་དེ་འཛར་བའི་ཐིགས་པ་ཟགས། བཞུར་རྒྱུན་ལ་ཤག་ཤག་གི་སྒྲ་ཐོན་པ་ཞིག་རེད།

དེ་བཞིན་དུ་མཐོན་པོ་རྩེ་ལྷ་བཅུ་གསུམ་གྱི་ཡ་གྱལ་དུ་གྱུར་བའི་རྩེ་འདུས་རི་ལ་མཚོན་ན་རྩེ་ཆུ་དལ་བ་རིང་མོའི་འགོ་ཁུངས་སུ་གྱུར་ཡོད་ལ། གྱ་མ་གྱུ་རུ་བཞུར་བའི་རྩེ་ཆུ་རིང་མོས་རྩེ་གཞུང་གི་ཉིན་སྲིབ་ཀུན་ལ་རྒྱུ་བའི་ཚེ་སྲོག་མཐའ་དག་གི་སྐོམ་པ་ཡོངས་སུ་བསད་ཡོད། ཡུལ་འདིའི་འདམ་གྱི་ཟིན་ཚད་ལ་སྤྱི་ཆིངས་བཞི་ཁྲི་ཆིག་སྟོང་ལྔ་བརྒྱ་ཞེ་བརྒྱད་ཙམ་ཡོད་ཅིང་། ཆུ་ཕྲན་སུམ་ཅུ་ལྷག་གིས་གྲུབ་ཡོད།

ད་ནི་སྤྱི་ཟླ་བདུན་པར་ཉེ། འབྲོག་མི་སྟོབས་ལྡན་སྐྱབས་ནི་ཡུལ་འདིའི་ནང་ལུང་ལ་ཆགས་པའི་རྫི་བོ་སྤྱི་དང་འདྲ་བར་ཉི་མ་རེ་རེ་བཞིན་ཟོག་ལུག་འཚོ་སྐྱོང་གིས་ལས་ཀར་ཟུག་ནས་ཡོད།

图片

འཇིག་རྟེན་གྱི་འགྲོས་ལུགས་ཤིག་ལ་རིག་གནས་མང་པོ་ཞིག་ཆུ་བོའི་བཞུར་རྒྱུན་གྱི་འགྲམ་ངོགས་དེད་ནས་མཐོ་ས་ནས་དམའ་སར་འགྲོ་ཞིང་ཡང་རིག་གནས་མང་པོ་ཞིག་ལམ་གྱི་འགྲོས་རིམ་ལྟར་དམའ་ས་ནས་མཐོ་སར་སྐྱེལ་འགྲོ་བ་ཞིག་ཡིན།  ཆོས་ཉིད་དེ་ལ་བརྟེན་ནས་བལྟས་ན་ཆུ་བོ་འདིའི་མགོ་རྔ་ཀུན་ཏུ་ཕྱུགས་རིག་འཚོ་སྟངས། འཚོ་བ་སྐྱོང་སྟངས། ཐ་ན་སྐད་ཆ་བཤད་ལུགས་སོགས་ཀྱང་ཨ་འདྲ་གཅིག་འདྲ་རུ་གྲུབ་ཡོད་པས། ཆུ་ཞེས་པ་འདི་ནི་སྲིད་པའི་ཁམས་ལ་བཀའ་དྲིན་བདག་རྐྱེན་གཞལ་དུ་མེད་པ་ཞིག་ཡིན།

དེ་རིང་ཉི་མའི་རྩེ་ཤར་ལ་འབྲོག་ཁྱིམ་འདིའི་རུ་སྐོར་དང་ཤ་ཉེ་རིང་།སྤུན་ཟླ་སོགས་ཁོ་ཚང་ལ་ལྷན་དུ་འདུས་ཤིང་ད་ནི་ལོ་འདིའི་བལ་འབྲེག་པར་སྟ་གོན་བྱ་མུས་འདུག

བུད་མེད་རྣམས་ཀྱིས་ལུག་གི་མཐའ་སྐོར་ནས་བཀག་པ་དང་གསར་བུ་དག་གིས་ལུག་བཟུང་ནས་བཀྱིགས་བྱུང་། ལུག་བཀྱིག་པའི་སྐབས་ལའང་བཀྱིག་སྟངས་དང་སྒྲིག་ནས་འཇོག་སྟངས་ལ་ཡིད་འཇོག་སྣ་ཚོགས་བྱ་དགོས་པ་ཞིག་རེད།

བལ་འབྲེག་པའི་སྐབས་བཀྱིག་ཐེབས་གཅིག་གི་ནང་ལ་བལ་འབྲེག་མི་རེ་ཡིས་ལུག་ག་ཚོད་འབྲེག་ཐུབ་མིན་གྱི་ཐད་ལ་འགྲན་བསྡུར་ཡང་ཆེ་མ་ཆུང་གསུམ་བྱེད་པ་ཞིག་རེད།

ད་ནི་བལ་འབྲེག་གཉིས་ཀྱིས་བཀྱིག་ཐེབས་གཉིས་ཀྱི་ཆ་ནས་མཛུབ་མོའི་གོང་འོག་བརྩད་ནས་རྒྱན་གང་འབེབ་ལ་བལྟས་བྱུང་།

བལ་འབྲེག་སུས་སྔོན་ལ་བྲེག་ནས་ཚར་བའི་ཚེ་བལ་འབྲེག་གཞན་དེར་རོགས་ར་མདའ་བྱེད་པའི་ཞོར་འབྲེལ་དུ་འཕྱ་སྨོད་དང་ཀུ་རེ་སོགས་ཀྱང་རྒྱུན་ཆད་མེད་པར་བཤད་པ་མ་ཟད། ཧ་ཧ་ཧོ་ཧོ་ཡི་དགོད་སྒྲ་དེས་ཉིན་དེའི་ལས་ཀ་ལ་ཚེགས་མེད་སྡུག་མེད་ཀྱི་སྣང་བ་ཞིག་ཀྱང་བཅོས་མིན་དུ་ཡོང་གིན་ཡོད།

འདི་ཡང་ཕྱོགས་གཅིག་ནས་རུ་སྐོར་དང་ཉེ་རིང་བར་གྱི་རོགས་རེས་ཐེངས་ཤིག་ཡིན་ལ། ཕྱོགས་གཞན་ཞིག་ནས་སྤུན་ཟླ་ཕན་ཚུན་བར་གྱི་མཛའ་བརྩེ་དང་འབྲེལ་བའི་ཀུ་རེ་རྩེད་མོའི་འཚོ་བའི་ཟུར་ཞིག་ཀྱང་ཡིན།

ཡུལ་འདིའི་ལུག་རྣམས་ནི་བལ་ཁ་མཐུག་པ་འབྲོག་ལུག་ལྟ་བུ་ཞིག་མིན་པ་མ་ཟད། འདི་ནི་གཉན་རྒྱུད་ལ་གཏོགས་ཕྱིར་རྫ་ལུག་བྲག་ལུག་ལྟར་བལ་ནི་འཕོང་ན་ལྷང་ཙེ་ཙམ་ལས་མི་འདུག་པས་གསར་བུ་དག་གིས་རེ་རེ་བཞིན་འབྲེག་པའི་སྐབས་ལ་ལ་གྲི་ཁེམ་གཅིག་དང་གཉིས་ཙམ་གྱིས་བྲེགས་ཚར་འགྲོ་བ་ཞིག་རེད།

རྒྱུན་ལྡན་འཚོ་བའི་ཁྲོད་ཕྱུགས་རིགས་ལ་སྨན་བཅོས་ལག་ཐབས་ཙམ་བྱེད་པའི་ཐབས་ཤེས་ཙམ་འབྲོག་མི་ཕལ་ཆེར་ལ་ཡོད། ཡིན་ཡང་དེ་རིང་གི་བལ་འབྲེག་ཁྲོད་ཕྱུགས་ནད་བཅོས་ཐབས་ལ་བྱང་ཆ་ཡོད་པའི་སྨན་པའང་ཐོན་ཡོད།

བལ་བྲེགས་ཚར་བ་དང་རྒྱུ་བདག་གིས་རང་གི་ཕྱུགས་ནད་ཕོག་པའི་ལུག་དག་བཟུང་ཞིང་སྨན་པར་བལྟ་རུ་བཅུག སྨན་པས་ཀྱང་ཕྱུགས་རིགས་ཀྱི་རྒྱུན་མཐོང་ནད་རིགས་ལ་དམིགས་པའི་སྨན་སྣ་རེ་འགའ་སྟ་གོན་བྱས་ནས་ཡོད་འདུག

ད་ནི་རྒྱུ་བདག་དང་སྨན་པ་གཉིས་ཀྱིས་ལུག་རེ་འགར་སྨན་བཅོས་བྱས་བྱུང་།  སྨན་པར་ཉམས་མྱོང་ཆེན་པོ་འདུག  བཟུང་མ་ཐག་ནས་མིག་རྩར་བལྟ་བ་དང་རྐང་ལག་གི་རྩ་གཏར་བ། རྔ་མའི་ནང་ལ་ཁབ་འཛེར་བ། ཕྱུགས་ཟོག་རང་གི་ཁྲག་ཁ་ལ་རྒྱུས་སུ་འཇུག་པ་སོགས་བཅའ་ཐབས་སྣ་ཚོགས་ཤིག་འདུག

བལ་འབྲེག་གི་ལས་ཀ་དང་སྨན་བཅོོས་ཡོངས་སུ་ཚར་བ་དང་འབྲོག་པ་དག་གིས་ལུག་རྣམས་དེད་ནས་རྩེ་ཆུ་རིང་མོས་སྔོན་མོ་སྤང་ལ་གྱ་མ་གྱུ་རུ་བྲིས་པའི་རི་མོའི་ཁུགས་སོ་ལ་དེངས། ད་ནི་ཆུའི་ཟབ་ཚད་ཆེ་ས། ཞེང་ཚད་ཡངས་སར་བསྙེགས་ནས་ལུག་རྣམས་ཆུ་ལ་འཕངས། དེ་ལ་འབྲོག་པ་དག་གིས་རྩེ་ཤན་ཡང་ཟེར།

རྩེ་ཁོག་གི་རྩེ་ཆུ་ལ་འབྲེལ་བའི་འབྲོག་མི་རྣམས་ལ་མཚོན་ན་ལོ་གཅིག་གི་ནང་ལ་ལུག་རྣམས་རྩེ་ཆུར་ཐེངས་གཅིག་འཕེན་པ་ནི་ངེས་པར་བསྒྲུབ་དགོས་པའི་ལས་ཆེན་པོ་ཞིག་ཡིན་ལ། དེ་ལྟར་བྱས་ཚེ་ཕྱུགས་རིགས་ལ་ཕོག་པའི་གཟའ་དང་ཁ་ཚ། རྔོ། གྱོལ་སོགས་ཀྱི་ནད་རིགས་འགོག་ཐུབ་པ་ཞིག་ཡིན་པས་རེད། ད་དུང་བལ་ཁ་ཇེ་ཡག་ཏུ་འགྲོ་བ། སྤུ་ཞགས་ཇེ་ཆེ་རུ་འགྲོ་བ། གྲ་ཁ་རླུང་ཁ་མཉམ་པ་སོགས་ཕྱུགས་རིགས་ལ་ཕན་པའང་ཤིན་ཏུ་ཆེ་བ་ཞིག་ཡིན།

ཆུ་ནི་སྟོང་བའི་དབྱིངས་རིམ་ནས་ཐོན་པ། སྐར་མ་དུ་བ་མཇུག་རིང་ལས་ཐོན་པ། སའི་གཏིང་འོག་ནས་ཐོན་པ། གཙང་བོ་དང་མཚེའུ་ལས་ཐོན་པ། རླུང་ཁམས་ཆེན་པོ་བརྒྱུད་ནས་ཐོན་པ་སོགས་ཤིན་ཏུ་མང་། འབྱུང་ཁུངས་དེ་དག་ལས་ཐོན་པའི་ཆུ་ཞེས་པ་འདི་མིའི་རིགས་ཀྱི་འཚོ་བའི་འགྲོས་ལམ་ལ་གསོན་ཤུགས་དང་རེ་བའང་སྣ་ཚོགས་ཤིག་སྐྲུན་བཞིན་ཡོད། ད་དུང་གནའ་མིའི་བཤད་རྒྱུན་ལའང་རྩེ་ཆུ་འཐུང་བའི་མཛོ། རྨ་ཆུ་འཐུང་བའི་རྟ། རྨེ་ཆུ་འཐུང་བའི་ལུག་ཅེས་པ་ལྟར་ས་ཆ་སོ་སོ་ནས་ཐོན་པའི་ཆབ་ཆུ་བོའི་རིགས་ལའང་དབྱེ་བ་ཞིབ་ཚགས་སུ་བགར་ན་ཆུ་བོ་གང་དང་གང་གི་རིགས་ནི་ཕྱུགས་རིགས་གང་དང་གང་གིས་འཐུང་ན་འཕྲོད་པའི་སྐོར་ཡང་གསལ་ལེར་འབངས་མིའི་ཁ་རྒྱུན་ངག་རྒྱུན་ལ་ཆགས་ཡོད།

འདི་ལྟར་རྩེ་འདུས་རི་ནས་ཐོན་པའི་ཆབ་དང་ཆུ་བོའི་བཞུར་རྒྱུན་དེད་ན་ཉ་མོ་འཁྱུག་འགྲོས་དང་བཅས་ཏེ་སྲིད་པའི་རྨ་ཆུའི་ནང་ལ་འདྲེས་འགྲོ་བ་ཞིག་རེད། དེ་བས་རྨ་ཆུའི་ལྷོ་རྒྱུད་དུ་ཆགས་པའི་གཞུང་ས་ཆེན་པོ་རུ་མི་རིགས་སྣ་མང་འདུས་སྡོད་ཀྱི་ཡུལ་དུ་གྲུབ་ཡོད་ལ། ཆུ་དང་ཉ་མོ་ངོ་སྤྲད་ནས་གསོ་སྤེལ་བྱེད་མཁན་ཡང་རེ་འགའ་འདུག

ནང་ལོག་ནས་ཡིན་པའི་ཁོ་ལ་མཚོན་ན་ཉ་གསོ་རྒྱུར་ཤིན་ཏུ་དགའ་པོ་ཡོད། ཁོའི་ཉ་གསོ་ར་བ་ནི་ཆེད་ལས་རང་བཞིན་ཅན་གྱི་ཉ་གསོ་ར་བ་ཞིག་རེད།

ར་བའི་ནང་དུ་འགྲོ་དུས་ཀྱང་ནད་འགོག་ལྭ་བ་གོན་པ། རྐང་ལག་ལ་དུག་སེལ་བྱེད་དགོས་པ། དུས་ལྟར་ནང་དུ་སོང་ཞིང་དུས་ལྟར་ཕྱིར་འབུད་དགོས་པ་སོགས་སྒྲིག་ལམ་དང་འགྲིག་ལམ་གྱིས་བསྡམས་པ་ཞིག་རེད།

ཁོས་གསོ་བཞིན་པའི་ཉ་ལ་རིགས་མང་པོ་འདུག  ཉ་ལ་ལ་ཞིག་ཆུའི་དྲོ་གྲང་གི་ཚད་གཞིས་ཏུའུ་གྲངས་༡༢ཙམ་གྱི་གཡས་གཡོན་མ་ཟིན་ན་ཉ་དེའི་རིགས་ནི་ཡུན་རིང་ལ་འཚོ་མི་ཐུབ་པ་ཞིག་རེད། ཡིན་ཡང་མདོ་དབུས་མཐོ་སྒང་གི་ཉ་རིགས་ནི་ཆུ་དྲོ་གྲང་གི་ཚད་ཅུང་མཐོ་ན་གསོན་ཐབས་མེད་པས་དུས་རྒྱུན་དུ་རྨ་ཆུར་དོར་སྣོད་ཕངས་ཏེ་གསོས་ཡོད་པ་ཞིག་རེད།

ཉ་རིགས་ལ་ཟས་སྟེར་བར་ཉིན་གཅིག་ལ་ཐེངས་གསུམ་ཙམ་སྟེར་དགོས་པ་ཞིག་རེད། ད་ལྟ་ཁོ་དང་ལས་གྲོགས་ཚོས་ཉ་གསོ་ར་བ་ལས་ཉ་ལ་ཟས་སྟེར་བཞིན་འདུག ཟས་ཆུ་ལ་བཏབ་པ་ཙམ་གྱིས་ཉ་ནི་ནག་སོག་གེར་ཁ་ཟས་ཀྱི་སྟེང་ལ་མཆོང་ཡོང་བ་ཞིག་རེད།

རྨ་ཆུའི་ནང་དུ་གསོ་བའི་ཉ་དང་གསོ་སྤེལ་ར་བའི་ཉ་གཉིས་ལའང་ཕར་བརྗེས་ཚུར་བརྗེས་ཀྱི་ལས་ཀ་མང་དུ་བྱ་དགོས་པ་ཞིག་རེད། ཉེ་བའི་ཆ་ལ་ཆར་ཞོད་ཆེ་བའི་དབང་གིས་ཕྱོགས་སོ་སོ་ནས་ཤ་འོད་རྒྱུགས་ནས་རྨ་ཆུར་འདྲེས་ཤིང་། ས་འདམ་དང་རྙོག་ཆུ་འདྲེས་ནས་རྨ་ཆུར་ཐོན་ཚེ་ཉ་རིགས་ལ་ཤིན་ཏུ་གནོད་ཟེར།

དེ་བས་ཁོས་གྲུ་བཏང་ནས་རྨ་ཆུའི་དཀྱིལ་དབུས་ལ་སོང་ཞིང་ཉ་རིགས་བརྗེས་སྤོར་བྱས།

འདི་ལྟར་རྨ་ཆུས་ཆུ་ཕྲན་ཁྲི་མ་འབུམ་གྱི་ཉིང་བཅུད་བསྡུས་ཡོད་པས་གནས་གཅིག་ནས་ཐོན་པའི་ཆུ་རྒྱུན་གཅིག་དང་མི་འདྲ་བར་ས་སྣ་དང་རྡོ་སྣ། རྩྭ་སྣ་དང་ཤིང་སྣ་ཚོགས་བརྒྱུད་དེ་བཞུར་བས་དེའི་འགྲམ་རྒྱུད་ཀྱི་མི་རྣམས་ཀྱིས་ཆུ་བོ་དེ་ལ་བཟུང་བའི་ལྷག་བསམ་དང་ཡིད་ཆེས་ཀྱང་འཛད་དུ་མ་གྱུར་བ་ཞིག་གདའ།

སྤྱིར་འཇིག་རྟེན་ཁམས་ན་ཆུ་བོ་ཆེན་པོ་ནི་ཤིན་ཏུ་མང་སྟེ་རྒྱ་གར་ཆུ་བོ་གངྒ། ཧྥེ་གླིང་གི་ཉེའུ་ལཱོ་གཙང་པོ། མེ་གླིང་གི་ཡཱ་མ་སུང་གཙང་པོ། མདོ་དབུས་མཐོ་སྒང་དུ་ཆུ་བོ་ཁ་འབབ་རྣམ་བཞི།  ཆུ་བོ་རྨ་འབྲི་ཟླ་གསུམ། ད་དུང་རྒྱལ་མོ་རྔུལ་ཆུ་སོགས་ཤིན་ཏུ་མང་ལ། ཆུ་བོ་འདི་དག་གི་འགྲམ་རྒྱུད་དུ་ཆགས་པའི་མི་རྣམས་ལ་གཞན་དང་མ་མཚུངས་པའི་རིག་གནས་ཀྱི་གྲུ་ཁ་རབ་སོ་ཆེན་པོ་ཞིག་ཀྱང་འགྱུར་མེད་དུ་ཆགས་ཡོད།

དེ་བས་སྔོན་མ་ནས་བརྒྱུད་དེ་ཐོན་པའི་ཆུ་མགོ་གངས་ལ་ཐུག་པ་ཞེས་པའམ་ཆུ་མགོ་རི་ལ་ཐུག་པ་ཞེས་པའི་གཏམ་གྱི་རྒྱུན་མའི་རྒྱུན་མ་འདི་ལ་བསམ་ན་རྨ་ཆུ་གཡག་རྭ་སྟག་རྩེ། འབྲི་ཆུ་ཀུ་ར་མདའ་སྟོང་། རྫ་ཆུ་ནི་གདང་ལའི་རི་རྒྱུད་སོགས་ཆུ་ཆེན་དག་གི་འབྱུང་ཁུངས་ནི་རི་ལ་མ་འབྲེལ་ས་ཅི་ཡང་མེད་པ་ལྟ་བུ་ཞིག་ཡིན་ལ། རི་རྒྱུད་རྩ་བ་བྱས་པའི་རྨ་ཆུའི་འགྲམ་ངོགས་བརྒྱུད་དེ་ཤར་ནས་ཤར་ལ་འདོང་ན་ཕྱི་ཁོད་པོ་སྡེ་བརྒྱད། ནང་གཟི་ཚ་སྡེ་དགུའི་ཡུལ་ཁམས་སུ་འདྲེས་ཡོད་ལ། ཡུལ་འདིར་རྫ་གཞི་བྲག་དཀར་ནས་ཐོན་པའི་ཆུ་དང་རི་རྩེ་སྒོ་ནང་ནས་ཐོན་པའི་ཆུ་སོགས་ཆུ་རྒྱུན་ལ་ཆད་པ་མེད་པར་དུས་རྟག་ཏུ་འབབ་བཞིན་འདུག

གནས་འདི་ན་དཔལ་འབྱོར་གྱི་ཁེ་ཚོང་དང་འཚོ་བའི་དམིགས་འདུན་ལ་འབྲེལ་བའི་པར་ལེན་པ་དང་བརྙན་ལེན་པ་ནི་བརྒྱ་ཕྲག་དུ་མ་ཡོད་ལ། སངས་རྒྱས་ལ་མཚོན་ན་ནམ་ཞར་ཡུལ་ཁམས་འདིའི་ཆུ་དང་དེ་ལ་འབྲེལ་བའི་སྐྱེ་དངོས། རི་དྭགས། ཉ་སྲམ་སོགས་པར་དུ་ལེན་ཞིང་ཟིན་ཏུ་འགོད་པར་དགའ་བའི་པར་ལེན་པ་དམིགས་བསལ་ཞིག་ཡིན།

གནས་འདི་ནི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་གྱི་གནས་གྲགས་ཅན་དུ་གྱུར་པས་མི་ཚོགས་རྒྱ་མཚོའི་འདུ་འགོད་ལ་འཁྲུགས་ཆ་ཤིན་ཏུ་དོད། དེ་བས་ཆུ་ལ་གནས་པའི་ཉ་སྲམ་སོགས་ཀྱིས་ཀྱང་མི་ཚོགས་ལ་གཡོལ་ཆེད་དུས་རྒྱུན་ཆུ་ཁར་འབུད་པ་ཞིག་མིན་པས་པར་དུ་ལེན་པར་དེ་བས་ཀྱང་དཀའ།

ཁོས་དུས་རྒྱུན་འདྲིས་ལོབས་སུ་སོང་བའི་ལས་གྲོགས་ཤིག་གི་སར་སོང་ནས་སྲམ་གྱི་གནས་སྟངས་དྲིས།

ཡུལ་འདིའི་ཆུ་བོ་དག་སྟོད་ཀྱི་རི་འདབས་ནས་བཞུར་ཏེ་མཐོན་པོ་རི་དང་གཟར་མོ་བྲག་སོགས་བརྒྱུད་པས་རང་བྱུང་གི་རྦབ་ཆུའང་གྲངས་མེད་པ་ཞིག་གྲུབ་ཡོད། གནས་འདི་ནི་རྒྱལ་ནང་གི་བརྙན་འཕྲིན་ཟློས་གར་ནུབ་ཕྱོགས་སུ་བསྐྱོད་པའི་སྒྲུང་ཞེས་པའི་ནང་གི་བརྙན་མིག་མང་པོ་ཞིག་ཀྱང་གནས་འདི་ནས་བླངས་པ་ཡིན་པས། གནས་འདིའི་མཛེས་པ་ལ་རོལ་མྱོང་བྱེད་མཁན་དང་པར་དུ་ལེན་མཁན་ཡང་ཧ་ཅང་མང་པོ་རེད།

ཁོ་ནི་ད་དུང་ཁམས་འདིའི་ཆུ་བོ་ཆེན་པོ་དག་གི་བཞུར་རྒྱུན་དང་འབྲེལ་བ། མི་ཚོགས་རྒྱ་མཚོའི་འཁྲུགས་ཆ་དང་བསྟུན་པ་སོགས་ཀྱིས་བསྡད་ནའང་ཆུ་ལ་དྭངས་རྙོག་འཆོར་མིན། ཉ་ལ་གནོད་པ་ཐེབས་མིན་ལ་འཛེམ་བྱ་ཆེ་བའི་མི་ཞིག་ཀྱང་རེད།

ད་དུང་གནས་འདིའི་ཆུ་བོ་དག་གི་བཞུར་སྟངས་ནི་སྟོད་ཀྱི་ལུང་ཕུགས་ནས་ག་ལེར་བཞུར་ཞིང་དམའ་ས་ལུང་ཁུག་རེ་ནས་མཚོ་ཆུང་ནོར་བུ་ལྟ་བུ་རེ་འཁྱིལ་ཞིང་དེ་ལའང་སྙིང་དུ་སྡུག་པའི་མིང་རེ་ཆགས་ཡོད། ཡིན་ཡང་མཚོ་མོ་དེ་ལ་བརྟེན་ཞིང་ཡང་བསྐྱར་ཆུ་མོའི་བཞུར་རྒྱུན་གཞན་ཞིག་གྲུབ་ནས་ལུང་ཁུག་གཞན་ཞིག་ཏུ་བཞུར་ངེས་ལ།  དེ་ལྟར་ཆུ་བོ་ནས་མཚོ་མོ། མཚོ་མོ་ནས་ཆུ་བོ་སོགས་དངུལ་གྱི་སྐུད་པ་ཕྲ་མོ་ལ་གཡུ་ཡི་སྐེ་རྒྱན་དག་སྐུད་ལོང་གཅིག་རྒྱུས་པ་ལྟར་ལུང་པའི་ཕུ་ནས་མདའ་རུ་ཕྲེང་བསྟར་གྱིས་ཡོད་ལ། དེ་དག་རེ་རེའང་ཁ་དོག་མི་འདྲ་ཞིང་དྭངས་ཤའང་མི་འདྲ་བས་ཡིད་དབང་ཅིག་ཅར་དུ་འཕྲོག་འགྲོ་བ་ཞིག་རེད།

དེ་ལྟར་འཇིག་རྟེན་གྱི་ཆུ་བོ་མཐའ་དག་ནི་སྟོད་ཀྱི་གངས་དང་རི་ནས་བཞུར་ཏེ་སྨད་ཀྱི་རྒྱ་མཚོར་འབབ་བཞིན་ཡོད་ལ། བཞུར་རྒྱུན་དེས་བསྐྱངས་པའི་འགྲོ་བ་མི་དང་དེ་ལ་འབྲེལ་བའི་རིག་གནས། སྒོ་ཕྱུགས་ཟོག་དང་དེ་ལ་འབྲེལ་བའི་འཕེལ་ཁ། གོག་ནུར་འཕར་གསུམ་གྱི་འབུ་རིགས་ཆེ་མ་ཆུང་གསུམ་དང་དེ་ལ་འབྲེལ་བའི་དབུགས་རྒྱུན། མཁའ་ལ་གནས་པའི་འདབ་ཆགས་དང་དེ་ལ་འབྲེལ་བའི་གཤོག་རླབས་སོགས་མཐའ་དག་སྐོམ་སེལ་གྱི་ཆུ་ཞེས་པའི་བཀའ་དྲིན་ལས་མ་འདས་ཕྱིར་རླབས་ཀྱི་ཟེགས་མ་འཐོར་བའི་ལོ་ཟླ་ལ་བསྟུན་ཏེ་རིན་ཆེན་གཡུ་ཡི་ཞུན་ཐིགས་ཇི་བཞིན་གྱི་མཚོ་མོ་དྭངས་ཤ་ཅན་ཞིག་གི་མཛེས་སྡུག་ཀྱང་ག་ལེར་གྲུབ་ནས་ཡོང་ཡོད།