བཏུང་བའི་སྐོམ་པ་སེལ་བའི་རྒྱུ་གཅིག་ནི་ཡུ་མར་ཇ་ལས་མེད་ལ། ཇ་དང་འབྲེལ་བའི་ནགས་མའི་ཚལ་དེ་ལ་མི་རྣམས་ཀྱིས་ངལ་བ་འཇོམས་པའི་ཤོང་དཀར་རྩེ་མོའི་ཁམས་སུའང་བལྟ། འདས་པའི་དུས་ལ་མིའི་རིགས་ཀྱིས་འཚོ་བའི་དགོས་དབང་དང་རང་བྱུང་ཁམས་ལ་འདུལ་སྦྱོང་གི་རེ་འབྲས་སུ་ལྗོན་པ་ནགས་མའི་ཚལ་མང་དུ་བཅད་གཏུབ་སྲེག་གསུམ་བྱས་པས་འཛམ་བུ་གླིང་གི་གདོད་ནས་བརྒྱུད་པའི་ཇ་རིགས་དང་བཅས་པའི་ནགས་ཀླུང་ལ་གནོད་པ་རབ་དང་རིམ་པའང་ཐེབས་ཡོད། ཡིན་ཡང་རང་བྱུང་སླར་སོས་བྱུང་བའི་སྐབས་དང་བསྟུན་ནས་ཟ་འཐུང་ལ་འབྲེལ་བའི་སྐྱེ་དངོས་མང་པོ་ཞིག་ཀྱང་ག་ལེར་འབུས་ནས་ཡོང་བཞིན་ཡོད། ཟ་འཐུང་ལ་འབྲེལ་ནས་ཡང་བསྐྱར་མི་རྣམས་ནགས་མའི་ཚལ་དུ་གོམ་ཁ་བསྒྱུར་ཏེ་གོ་ལས་སྦྱིན་པའི་ལྗང་ལོའི་རིགས་ལ་དུང་ཁ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཡོད།
ཕྱིའི་སྣོད་ཕུན་སུམ་ཚོགས་པ་དང་ནང་གི་བཅུད་ཀྱང་དེར་བསྟུན་གྱིས་གྲུབ་པའི་པདྨ་རྫོང་ཁོངས་འདི་ནི་རྒྱལ་ཡོངས་ཀྱི་མཚོ་ངོས་ལས་མཐོ་ཤོས་དང་མཚོ་སྔོན་ཞིང་ཆེན་གྱི་གདོད་མའི་ནགས་མའི་ཚལ་ཆེ་ཤོས་སུ་གྲུབ་རྐྱེན་སྐྱེ་དངོས་རིགས་སྣ་ཚོགས་ཀྱི་བང་མཛོད་ཆེན་པོ་ཞིག་ཏུའང་གྱུར་ཡོད།
དེར་བསྟུན་དུ་མགོ་ལོག་པདྨའི་ཡུལ་ན་རང་བྱུང་གི་ཇ་ལོའི་སྐྱེས་རྒྱ་ཤིན་ཏུ་ཆེ་ས་ཞིག་ཡོད། གནས་དེའི་ཉེ་འགྲམ་དུ་སྡོད་པའི་རྒན་པོ་བསྟན་གྲགས་ནི་ཇ་ལོ་འཐུ་མྱོངས་པའི་ཁེ་བ་ཆུང་ཆུང་ཞིག་ཡིན། བཟའ་མི་འདི་གཉིས་ནི་རི་ལྡོང་སྡེ་བའི་ཡིན་ལ་པདྨའི་བོད་ཇ་བཟོས་ནས་ཕྱིར་འཚོང་བྱེད་བཞིན་ཡོད།
བསྟན་གྲགས་བཟའ་མི་གཉིས་ཀྱིས་ཐོན་ལས་བྱེད་པའི་ཇ་ལ་རིགས་གཉིས་སུ་ཡོད། གཅིག་ནི་པདྨའི་ནགས་ཀླུང་ལ་གདོད་ནས་བརྒྱུད་དེ་སྐྱེས་པའི་རང་བྱུང་གི་ཇ་རིགས་ཤིག་ཡིན། གཉིས་པ་ནི་དུས་རབས་གསར་བའི་ནང་ལ་ས་ཆ་གཞན་ནས་ནང་འདྲེན་གྱིས་གསར་དུ་བཙུགས་པའི་ཇ་རིགས་ཤིག་ཡིན། པདྨའི་རང་བྱུང་རི་སྐྱེས་ཇ་རིགས་ནི་ཇ་རྟ་ཞེས་པའི་རི་ཁ་ལུང་གཟར་གྱི་ས་ཆ་ཞིག་ཡོད་པ་དེར་བཏུས་པ་ཡིན་ལ། གསར་བྱུང་གི་ཇ་རིགས་ནི་རང་ཁྱིམ་གྱི་ར་བའི་ནང་སོགས་སུ་བཙུགས་ཡོད།
པདྨའི་ཡུལ་གྱི་ཇ་ལོ་ལ་མཚོན་ན་གཙང་མར་བཏུས་རྗེས་ཉི་མར་ལྡེ་ནས་སྐེམ་པ་ཡིན། བསྟན་གྲགས་བཟའ་མི་གཉིས་ནས་ལོ་མང་པོར་ཇ་ལོའི་ལས་ཀ་བྱས་པས་ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་ཅན་ཞིག་ཡིན། ཡིན་ཡང་ལོ་འདི་འགའི་ནང་ལ་པདྨའི་ཡུལ་དུ་རི་སྐྱེས་ཇ་ལོའི་རིགས་ཀྱི་གོང་ཐང་ཇེ་དམའ་རུ་སོང་བ་མ་ཟད། ཇ་རིགས་དེ་འཐུ་མཁན་ཡང་ཤིན་ཏུ་ཉུང་ལ་ཚེགས་ཆེ་བའི་ལས་ཀ་དེའི་རིགས་ལ་དོ་སྣང་བྱ་མཁན་ཡང་ཉུང་བར་གྱུར་བ་རེད།
ལོ་ལོན་བཟའ་ཟླ་འདི་གཉིས་ལ་མཚོན་ན་ཉི་མར་ལྡེ་བའི་ཇ་རྣམས་ཀ་ཏོ་ར་སོགས་སུ་བླངས་ཏེ་ཡང་དང་བསྐྱར་དུ་གཙང་སེལ་བྱེད་པ་དང་། དེ་ནས་རིམ་བཞིན་རང་ཁྱིམ་ནས་འཚོ་བར་བེད་སྤྱོད་བྱེད་པ་དང་ཁྱིམ་མཚེས་གཡས་གཡོན་ཀུན་ལ་མཁོ་འདོན་བྱེད་པ་ཡིན། ད་དུང་ཕྱིའི་ཚོང་རར་འདོན་པའི་རིགས་ནི་འགྱིག་ཁུག་ཆེ་ཆུང་དུ་མའི་ནང་ལ་བཅུགས་ནས་འདོན་སྤྲོད་བྱེད་པ་ཡིན།
འདི་ལྟར་ནགས་མའི་ཚལ་ནི་ཤིང་རིགས་ཁྲི་མ་འབུམ་གྱིས་ཁེབས་ལ་རི་དྭགས་ཀྱང་སྣ་ཚོགས་ཡོད་ལ། ད་དུང་སྤྲེའུའི་རིགས་ཀྱང་ནགས་མའི་ཚལ་འདིའི་སྲོག་འཛིན་སྙིང་བོ་རུ་གྱུར་ཡོད། རི་ལ་འགོས་ནས་ཁ་ཟས་ཟ་བ་དང་ལུང་ལ་བབས་ནས་ཁ་སྐོམ་གསོད་པ་སོགས་དུས་རྒྱུན་བག་ཡངས་ཀྱི་སྤྱོད་པ་ཁོ་ནས་རྒྱུ།
གནས་འདིའི་མི་རྣམས་ཀྱིས་བཤད་ན་ཡུལ་འདིའི་ནགས་མའི་ཚལ་དུ་ཐང་དཀར་ཐང་ནག་ཐང་སྐྱ་ཐང་དམར་སོགས་ཐང་ཤིང་ལ་རིགས་བཞི་ལྔ་ཙམ་ཞིག་ཡོད་ལ། ཤུག་པ་ལའང་འབྲི་ཤུག་ར་ཤུག་ཤུག་པ་དོ་རོ་སོགས་ཤིང་སྣ་གྲངས་ཀྱིས་གཏམས་པ་ཞིག་རེད། ད་དུང་ཡུལ་འདིའི་ནགས་མའི་ཚལ་གྱི་རྒྱུན་མར་འབྲེལ་ན་ཕྱི་ཁོད་པོ་སྡེ་བརྒྱད་ནས་ནང་གཟི་ཚ་སྡེ་དགུའི་ནགས་མའི་ཁམས་ཀྱིས་ཀྱང་སྐྱིད་འཇིག་རྟེན་ཁམས་ལ་སྔོ་ལྗང་གོས་ཀྱི་ཁེབས་རྒྱ་ལ་མཐའ་མི་ལོོན་པར་གནས།
འདི་ནི་གཟི་ཚ་སྡེ་དགུའི་ཡུལ་སྐོར་གྱི་གནས་ཡུལ་ལ་ཡོད་པའི་བསོད་ནམས་དབང་ཕྱུག་ལགས་ཀྱི་ཁྱིམ་རེད། ཁོ་ནི་དུས་རྟག་རི་བོའི་ཕུ་མདའ་ཀུན་ཏུ་བརྒྱུགས་ནས་གཟི་ཚའི་ཡུལ་ལུང་འདིའི་ནགས་མའི་ཚལ་ལ་བདག་དོམ་བྱ་མཁན་ཞིག་རེད།
གཟི་ཚ་སྡེ་དགུའི་ཡུལ་ཡོངས་སུ་རྫོགས་པ་ཡུལ་སྐོར་གནས་ཡུལ་དུ་མི་གཏོགས་ཀྱང་བསོད་ནམས་དབང་ཕྱུག་གི་སྡེ་བ་གཙོས་རུ་སྡེ་ལྔ་དྲུག་ཙམ་ཡུལ་སྐོར་གནས་ཡུལ་ཆེན་པོར་གྱུར་པ་དང་ཁྱིམ་མཚེས་རུ་སྐོར་མཐའ་དག་ཀྱང་ཕྱི་ནས་ཕྱི་ལ་འགྲོ་བ་མ་གཏོགས་ས་བཟུང་གཞིས་ཆགས་ཀྱི་རྐང་འཛིན་མཁན་ཤིན་ཏུ་ཉུང་།
ཡུལ་འདིའི་ནགས་མའི་ཚལ་གྱི་རྫོང་ཤིན་ཏུ་མཐུག་པས་མེ་དགྲ་སོགས་ལ་གཟབ་གཟབ་གང་ལེགས་བྱ་དགོས་པ་ཞིག་རེད། དེ་བས་ཁོས་ནམ་རྒྱུན་ནགས་སྲུང་གི་ལས་ཀ་ལ་སྔ་ལམ་འཕྲོ་མཐུད་ཀྱིས་འབད་པ་བྱ་མུས་ཡོད།
ད་ནི་ཁོས་རང་ཁྱིམ་ནས་ཇ་སྐོལ་བཞིན་འདུག ཞོར་དུ་ཁ་པར་བཏང་ནས་སང་ཞོགས་ཀྱི་ལས་ཀའི་སྐོར་ནས་བཀོད་སྒྲིག་ཀྱང་བྱེད་མུས་འདུག གཙོ་བོ་ནགས་མའི་ཚལ་དང་མེ་དགྲ། གད་སྙིགས་སོགས་ཀྱི་སྐོར་ཡིན་འདུག
སྤྱིར་མིའི་ལུས་ན་དབུགས་ཀྱི་རྒྱུ་མཛོད་ལྟ་བུ་ཞིག་ཡོད་པ་ནི་གློ་བ་ཁོ་ན་ཡིན་པ་ལྟར་ས་གོ་ལ་ཆེན་པོའི་དབུགས་ཀྱི་རྒྱུ་མཛོད་ལྟ་བུ་ཡང་ནགས་མའི་ཚལ་ཁོ་ན་ཡིན། མི་དང་གོ་ལ་རྟེན་འབྲེལ་རང་བཞིན་གྱིས་གྲུབ་པར་གནས་པས་གློ་བ་དང་ནགས་མའི་ཚལ་ལ་ག་དུས་ཡིན་ཡང་སྲུང་ཞིང་གཅེས་པར་བྱ་དགོས་པའང་ཆོས་ཉིད་ཅིག་ཡིན་ངེས། རྐྱེན་དེ་ལ་རྟེན་ནས་ས་གོ་ལ་སྲུང་སྐྱོབ་བྱ་དགོས་ཚེ་ནགས་མའི་རིགས་ཀྱི་འདེབས་འཛུགས་ལས་ཀའང་སྣ་སྒོ་མོ་ཀུན་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
གདོད་མའི་ནགས་མ་ཚལ་གྱིས་ཡོངས་སུ་ཁེབས་པའི་ངྷི་མདའ་སྡེ་བའི་ཤྭང་བསྟན་ནི་སྲོལ་རྒྱུན་ལག་རྩལ་ལ་མཁས་ཤིང་གདོད་མའི་ནགས་དང་འབྲེལ་བའི་ས་རྡོ་དམིགས་བསལ་བ་ལ་མཉམ་འཇོག་ཡོད་པའི་རྒན་པོ་ཞིག་ཡིན། ཁོས་མི་རབས་འགའ་ལ་རང་གི་ལག་ཤེས་བཟོ་ལས་སྤྱད་ནས་ཡུལ་ཕྱོགས་སོ་སོ་ལ་ཁེ་ཚོང་གཉེར་ཞིང་ཡོང་བ་ཡིན་ལ། ད་ལྟ་རང་གི་ཚ་བོ་ནོར་དྲུག་དང་ཚ་མོ་ནོར་བུ་མཚོ་གཉིས་ལ་རང་གི་ལག་ཤེས་ཀྱི་རྩལ་དང་ཤེས་བྱ་དེའི་རྒྱུན་སྤྲོད་མུས་ཡོད།
དེ་ལྟར་རིག་གནས་ཤིག་གི་རྩ་བ་ཡར་ལ་དེད་ན་མགོ་ལོག་པདྨའི་རྫ་ཆས་ཀྱི་ལག་ཤེས་འདི་ནི་འགོ་ཚུགས་པ་ནས་ད་ལྟའི་བར་དུ་མི་ལོ་དྲུག་བརྒྱ་ཙམ་འདས་ལ། མགོ་ལོག་གི་མི་རྒྱུད་འདིའི་མེས་པོ་དག་ནི་ཐོག་མར་སྟོད་མངའ་རིས་ཕྱོགས་ནས་སྨད་མདོ་ཁམས་སུ་སྤོས་ཏེ་ད་ལྟའི་པདྨའི་ཡུལ་དུ་ས་བཟུང་ཞིང་སོ་ཚུགས་པ་ཡིན། དེ་བཞིན་དུ་ས་རྫ་བཟོ་བའི་ལག་ཤེས་སྒྱུ་རྩལ་འདིའི་རྒྱུན་མའི་རྒྱུན་མའང་རྡེའུ་ལག་བརྒྱུད་ཀྱི་ཚུལ་དུ་ཡོང་བ་ཡིན་འདུག
དེ་རིང་ཨ་ཞང་ཤྭང་བསྟན་ལགས་ཀྱིས་ཚ་བོ་ཚ་མོ་གཉིས་ཀ་རང་གི་གམ་དུ་བསུས་ནས་རྫ་ས་ལེན་དུ་མངགས་བྱུང་། ས་ལེན་སའི་གནས་ཀྱང་ཐག་ཅུང་ཙམ་རིང་བོ་ཡོད་པ་ཞིག་རེད།
ད་ནི་ནོར་དྲུག་མིང་སྲིང་གཉིས་ཀྱིས་སླེ་བོ་ཁུར་བ། འཇོར་འཛིན་པ། ཁེམ་ཁྱེར་བ་སོགས་ཀྱིས་ལམ་ལ་ཆས།
མིང་སྲིང་འདི་གཉིས་ཀྱིས་ལམ་བར་ནས་ཆུ་རྒྱུན་ཙམ་ལ་འཕྲད་ནའང་མཆོད་པ་འཕེན་ཞིང་ཁོར་སྲུང་དང་འབྲེལ་བའི་འཛེམ་བྱ་མཐའ་དག་རེ་རེ་བཞིན་བརྗེད་མེད་ཆག་མེད་ཀྱིས་འགྲོ
ཁྱིམ་ནས་ནགས་མའི་ཚལ་དུ་འགྲོ་བར་སྤྱི་ལེ་གཉིས་ཙམ་འགྲོ་དགོས། རི་ལ་འགོ་དགོས་པས་དཀའ་ཁག་དང་སྡུག་ཀྱང་ཆེ། ནགས་ལ་རྫབ་ཆེ་ཞིང་རི་ལ་དཀན་གཟར་བས་དུས་ཡུན་ངེས་ཅན་ཞིག་བརྒྱུད་མཐར་གཞི་ནས་རྫ་ས་ལེན་པའི་གནས་ལ་འབྱོར།
པདྨའི་ཡུལ་གྱི་རྫ་ས་ནི་ངྷི་མདའ་ཡུལ་གྱི་གནས་འདི་ཁོ་ན་ནས་ལེན་དགོས་པ་ཡིན། སྔོན་གྱི་དུས་ལའང་རྫ་བ་དག་གིས་རྫ་ས་ནི་ཡུལ་འདི་ནས་བླངས་ཤིང་རྫ་ཆས་སྣ་ཚོགས་བཟོས་རྗེས་ད་གཟོད་ཡུལ་གཞན་དང་གནས་གཞན་དུ་རྟ་དྲེད་བོང་གསུམ་ལ་བཀལ་ནས་ཁེ་ཚོང་གི་ལས་གཉེར་བ་ཡིན་ལ། ཡང་སྐབས་ལ་ལར་ལྷོ་ཚོང་བྱང་དང་བྱང་ཚོང་ལྷོ་ལ་སྐྱེལ་བའི་ཚོང་དྲེད་ལ་འབྲེལ་ནས་པདྨའི་རང་ས་ནས་ཀྱང་རྫ་ཆས་འབྲུ་རིགས་ལ་བརྗེས་པ་སོགས་ཀྱི་ལས་བྱེད་མྱོངས།
མིང་སྲིང་འདི་གཉིས་ལ་མཚོན་ན་ལོ་ན་ཚོད་ཤིན་ཏུ་ཆུང་ཞིང་ཤེས་བྱ་ཀུན་ལ་བྱང་ཆ་ཡོད་པ་ཞིག་མིན་ཡང་རྫ་ས་ལེན་པར་མི་རབས་གོང་མ་དག་གིས་ཅི་བྱས་པ་དེ་བཞིན་དུ་བྱ་ཐུབ་པ་དང་ཉམས་མྱོང་ཡང་ཕུན་སུམ་ཚོགས་པོ་ཡིན། ཁོ་གཉིས་ཐོག་མར་རྫ་ས་ལེན་པའི་ཡུལ་ལ་ཐོན་མ་ཐག་ནོར་དྲུག་གིས་ས་རྐོ་ཞིང་ཁ་ལ་རེག་ནས་རོ་བྲོ་ལ་མྱངས་པ། ཁ་དོག་ལ་ལྟ་བ། འཇམ་རྩུབ་ལ་དཔྱད་པ་སོགས་དུས་ཐོག་ཏུ་བྱས།
གནས་དེའི་ས་ནི་འདམ་ཤེད་ཆེ་བ། རྡོ་ཟེགས་འདྲེས་པ་ཞིག་ཡིན་པས་འཇོར་དང་ཁེམ་གྱི་རྐོ་བའི་ཚེ་དུས་ཐོག་ཏུ་ལེན་མི་ཐུབ་པ་ཞིག་ཀྱང་རེད།
ད་ནི་ནོར་དྲུག་མིང་སྲིང་གཉིས་ཀྱིས་རི་སྐེད་ཀྱི་ལམ་ཕྲན་དག་དེད་ཅིང་རྫ་ས་ཁུར་ནས་ཕྱིར་རང་ཁྱིམ་ལ་ལོག
ཕྱི་ཉིན་ཞོགས་པའི་དུས་ལ་ལུང་པའི་མགོ་སྔ་ཀུན་ལ་ལྟ་ཞིབ་ཏུ་འགྲོ་སྐབས་སྡོང་ཀོག་ཅིག་གློ་བུར་དུ་འགྱེད་པས་ཡུལ་སྐོར་གྱི་འགྲོ་ལམ་བཀག་བྱུང་།
གནས་སྟངས་དེས་ཡུལ་སྐོར་ལ་འགྲོ་མཁན་མང་པོ་ཞིག་གི་དུས་ཚོད་ཀྱི་ཆ་ནས་འགོར་འགྱངས་ཐེབས་པ། བདེ་འཇགས་ཀྱི་ཆ་ནས་སེམས་ཁུར་དུ་གཏད་པ་སོགས་ཀྱི་གནས་སྟངས་ཀྱང་ཡོད་སྲིད་པས་ཁོ་དང་ལས་གྲོགས་ཚོའང་དུས་ཐོག་ཏུ་ཡུལ་དངོས་ལ་འབྱོར།
ད་ནི་ཁོ་ཚོས་སྟ་རེ་ཁྱེར་ནས་གནས་དེའི་སྡོང་ཀོག་གི་ཡལ་ག་ཕབ་བཞིན་འདུག ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་ལ་ཡལ་ག་ཡོངས་སུ་ཕབ་ཐུབ་པ་བྱུང་ལ་སྡོང་པོ་དེའང་དུམ་བུར་གཏུབས་ནས་འགྲོ་ལམ་གྱི་བཀག་ཡོངས་སུ་སེལ།
ད་ནི་ཅུང་ཙམ་ངལ་བར་གྱུར་བས་ཁོ་དང་གྲོགས་པོ་ནགས་མའི་ཚལ་ནས་ལྷན་དུ་བསྡད་དེ་ཆུང་དུས་སུ་གནས་འདི་ནས་སློབ་གྲྭར་འགྲོ་བ་དང་ལས་ཀར་སོང་བ་སོགས་རེ་རེ་བཞིན་ཕྱིར་དྲན་གྱི་ཀློང་ལ་ཚུད།
ད་ནི་ཁང་བའི་བྱ་འདབས་སུ་བསྡད་ནས་ཆུ་བླུགས། ས་རྫིས། རྣོ་ཐག་བཅད། ལྡེམ་གཤིས་ཕབ། རྫ་ས་དང་འབྲེལ་བའི་ལས་ཡོངས་སུ་འགྲུབ་པར་བྱས། དེ་དང་བསྟུན་ནས་རྫ་མ་ལས་པར་སྟ་གོན་ཚགས་སུ་ཆུད་པར་བྱས།
མིང་སྲིང་གཉིས་ཀྱི་ཕ་ཡུལ་ནས་ཕྱོགས་བཞི་ཀུན་ལ་བལྟས་ན་སྔོ་ལྗང་ནགས་ཀྱིས་ཡོངས་སུ་བསྐོར་ཞིང་མཁའ་དབུགས་ཀྱང་ནེམ་ཤིག་ཤིག་ཏུ་འདུག་ལ། ལུང་པའི་མཐིལ་ན་ཆུ་མོའང་ཤག་ཤག་གདའ། འདི་ལྟ་བུའི་ནགས་ཚལ་གྱི་གནས་ལ་ས་རྡུལ་འཇགས་པ། རླུང་རྡུལ་ཞི་བ། དབྱང་དབུགས་འཕེར་བ་ཞིག་ཡིན་པ་མ་ཟད། ད་དུང་ཙག་སྒྲ ཁྲོག་སྒྲ སིང་སྒྲ ཁོག་སྒྲ་སོགས་འཛེར་བྱ་མཐའ་དག་ཀྱང་འཇམ་མེར་ཡོད། ཚན་རིག་པའི་ཞིབ་འཇུག་ལྟར་ན་འདི་ལྟ་བུའི་ནགས་ཚལ་གྱིས་ཉིན་རེ་ལ་དབྱང་དབུགས་སྟོང་ཁེ་སྟོང་ཕྲག་གཅིག་རྔུབ་ལེན་བྱེད་ཅིང་ཕྱིར་གཏོང་བའི་དབྱང་དབུགས་སྟོང་ཁེ་བདུན་བརྒྱ་སུམ་ཅུ་ཙམ་ཡིན་ཟེར།
ནོར་དྲུག་མིང་སྲིང་གཉིས་ཀྱིས་འདི་ལྟར་ཉིན་གཅིག་གི་སྔ་དྲོའི་དུས་ཚོད་ཡོངས་སུ་བེད་སྤྱད་ནས་རྫ་མ་ཞིག་གྲུབ་པར་བྱས། དེ་ལྟར་ཉིན་རེ་འགའ་འགོར་བའི་རྗེས་ལ་གསར་དུ་གྲུབ་པའི་རྫ་མ་དེ་མེ་ལ་བསྲེགས་པའི་དུས་ལ་བབས་པས་ཨ་ཞང་ཧང་བསྟན་ཡང་བསླེབས་ཏེ་མེ་ཁ་གསོ་རོགས་བྱས། ཐོག་མར་ཨོང་བའི་མེ་གསོས། སྟེང་ལ་ཤིང་ཞོགས་དང་ཤིང་རྡུལ་ཕབ་ནས་མེ་ཆེན་པོ་གསོས། བསྲེགས་བྱའི་རྫ་མ་དེ་མེ་ནང་ལ་བཞག དེའི་སྟེང་ལ་ཐལ་བ་དང་མེ་མུར་ལྷན་ཅིག་ཏུ་བླུགས།
རྫ་མ་བསྲེགས་ཚར་བ་དང་དང་པོ་སེར་ལ་ངང་ཤ་ཆེ་བའི་རྫ་མ་དེ་ད་ནི་སྔོ་ལ་སྨུག་ཤོས་ཆེ་བའི་རྫ་མ་ནག་པོ་ཞིག་ཏུ་འགྱུར་འདུག་པས་མཛེས་སྡུག་མིག་དབང་འཕྲོག་པ་ཞིག་ཀྱང་རེད། མཐོང་བ་མིག་གི་དགའ་སྟོན་དུ་གྱུར་བའི་འཐུང་སྣོད་དེ་གྲུབ་པ་དང་བསྟུན་ཨ་ཞང་ཧང་བསྟན་གྱིས་འདས་པའི་དུས་ལ་བྱུང་བའི་གཏམ་རྒྱུད་ཅིག་གི་དབུ་བརྩམས་བྱུང་། གཏམ་རྒྱུད་དེ་ནི་རྫ་ཁྲོམ་ལ་སོང་བའི་སྐོར་དང་ཚོང་ཟོག་གི་འདུ་འགོད་སྐོར་ཡིན་པས་མིང་སྲིང་གཉིས་ཀྱིས་དུས་དང་དུས་རབས་ཀྱི་འགྱུར་ལྡོག་གི་རྣམ་པ་རེ་རེ་འཚོ་བ་གསར་བ་འདིའི་ཚེ་ནོམ་དུ་ལེན་བཞིན་འདུག
འདི་ལྟར་གདོད་ནས་བརྒྱུད་པའི་ནགས་མའི་ཚལ་ལས་པདྨའི་ནགས་དང་དེ་ལ་གནས་པའི་མགོ་ལོག་གི་མི། ད་དུང་ས་ཆུ་ངོ་འཕྲོད་པའི་རྫ་ཆས་སོགས་ཀྱང་འཚོ་བའི་ཀླུང་རྒྱུན་ལས་བྱུང་བའི་རྟེན་དང་བརྟེན་པའི་ངོ་བོ་རུ་གྲུབ་ལ། དབྱེ་མེད་རང་ཆས་ཀྱི་རྣམ་པའང་གསལ་དུ་དེངས་ཡོད།
སྲོལ་དུ་གྲུབ་པའི་ལག་རྩལ་ཞེས་པ་ནི་དུས་གཏན་དུ་གནས་ཤིང་འགྱུར་དུ་བྲལ་བ་ཞིག་མིན་པ་ལྟར། པདྨའི་རྫ་བཟོ་ལག་རྩལ་ལ་འདིའང་དུས་རབས་དང་བསྟུན་པའི་མི་སྡེའི་སྤྱི་ཚོགས་ཀྱི་དགོས་མཁོ་ལ་འབྲེལ་བ། མཛེས་དཔྱོད་ལ་བསྟུན་པ། ཐབས་ཤེས་ལ་འདྲེས་པ་ཞིག་ཏུའང་འགྱུར་བཞིན་ཡོད།
སྤྱི་ཚོགས་སུ་སྒེར་གཉེར་ཚོང་ལས་ཅན་ལ་ཁ་ཕྱོགས་པའི་དུས་སྐབས་འདིར་པདྨའི་རྫ་བཟོ་སྒྱུ་རྩལ་དེ་ལག་རྩལ་གཅིག་བསྡུས་ཅན་དུ་གྱུར་ཞིང་དམངས་ཁྲོད་ཀྱི་ལག་ཤེས་པ་མང་པོ་ཕྱོགས་གཅིག་ཏུ་འཛོམས་ནས་ཐོན་རྫས་ཀྱང་གྲངས་འབོར་ཆེ་བ། ཚད་གཞིར་ལོངས་པ། ཞིབ་ལས་ལྡན་པ་སོགས་ཀྱི་ལམ་ཁར་ཆས་མུས་ཡོད།
དེ་རིང་སྤྱི་གཉེར་ཁང་གིས་ཀྱང་འདས་ཟིན་པའི་མེས་པོས་དེད་པའི་ཚོང་ལམ་དེ་བསྙེགས་ནས་གྲོང་ཁྱེར་ཆེན་པོའི་ཚོང་བདག་དག་གི་རེ་བ་སྐོང་བའི་རྫ་རིགས་སྣ་ཚོགས་ཀྱི་ཚོང་རྫས་སྐུར་བཞིན་འདུག
ཡུལ་འདིའི་སྨར་ཆུ་དང་རྡོ་ཆུ་གཉིས་ནི་རྐྱ་འཐབ་སྟེ་པདྨ་ཧྲིལ་བོའི་རྫོང་ཡོངས་སུ་སྦྲེལ་ལ། ཆུ་བོ་འདི་གཉིས་ཀའི་འགྲམ་ངོགས་སུ་སྔོ་ལྗང་གོས་ཀྱི་རང་བཞིན་གྱིས་ནགས་མའི་ཚལ་གྱི་ལྟེབ་ཁུག་བཤིག་ནས་མཐའ་མེད་པར་ཁེབས། དེ་ལ་འབྲེལ་བའི་མི་རྣམས་ཀྱི་འཚོ་བའི་སྒྱུ་རྩལ་ཡང་མིག་ལ་རི་མོ་བཞིན་གསལ་ཞིང་རྣ་ལ་རོལ་དབྱངས་བཞིན་མཆེད་ནས་ཡོང་།
འཇིག་རྟེན་སྲིད་པའི་ཁམས་ཀྱི་ཆབ་དཔལ་རིག་གསུམ་གྱི་འབྱུང་ཁུངས་ནི་གདོད་ནས་བརྒྱུད་པའི་ནགས་མའི་ཚལ་ལ་གཏོགས་ཕྱིར་ལོ་རྒྱུས་སྨྲ་བས་བཤད་ན་ནགས་མའི་ཚལ་ནི་ལོ་རྒྱུས་ཀྱི་དར་རྒུད་མཚོན་པའི་དཔང་རྟགས་ཡིན་ཟེར། དཔལ་འབྱོར་སྨྲ་བས་བཤད་ན་ནགས་མའི་ཚལ་ནི་ལྷད་མེད་རིན་ཆེན་གྱི་གཏེར་ཁ་ཡིན་ཟེར། མིའི་རིགས་སྨྲ་བས་བཤད་ན་ནགས་མའི་ཚལ་ནི་མིའི་རིགས་ཀྱི་འབྱུང་རྩ་ཡིན་ཟེར། སྐྱེ་དངོས་སྨྲ་བས་བཤད་ན་ནགས་མའི་ཚལ་ནི་སྐྱེ་ལྡན་ཀུན་གྱི་རྩ་བ་ཡིན་ཟེར་བ་སོགས་ནགས་མའི་ཚལ་གྱི་རིན་ཐང་ནི་བརྗོད་དུ་བྲལ་བ་ཞིག་རེད།